༄༅།། བོད་ཀྱི་རིག་གནས་གཙོས་འཛམ་གླིང་ཤེས་རིག་འདྲ་མིན་ལ་དུང་ཞེན་ཟབ་པའི་དཔྱོད་ལྡན་རྣམས་ལ་ཞུ་རྒྱུར། ང་ཚོའི་དཔེ་མཛོད་ཁང་ནས་རྒྱུན་དུ་མདོ་སྔགས་གཞུང་ཆེན་ཁག་གི་གསུང་རབ་སྤྱི་དང་། ཡང་སྒོས་རིས་མེད་ཆོས་བརྒྱུད་གྲུབ་མཐའ་ཁག་དང་། ཕྱི་ནང་གི་དྲན་དབང་རྣམས་ཀྱིས་མཛད་པའི་བརྩམས་ཆོས་གསར་དུ་ཐོན་རིགས་ཁག་གང་ཐུབ་ཀྱིས་མཁོ་སྒྲུབ་ཞུས་དང་ཞུ་བཞིན་ཡོད་པ་ལྟར། ད་ལན་ཡང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་། མི་རིགས་དཔེ་སྐྲུན་ཁང་སོགས་བོད་ནང་གི་དཔེ་སྐྲུན་ཁང་འདྲ་མིན་ནས་ཐོན་པར་གསལ་བའི་དཔེ་དེབ་གྲངས་༡༠༠ ལྷག་ཙམ་བླུ་ཡོན་ཞུས་པའི་ཁོངས་སུ་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་གསུང་འབུམ་པོད་ཆེན་༡༠ དང་། ལམ་བྲག་བསྐལ་བཟང་རྣམ་རྒྱལ་གྱི་གསུང་འབུམ་པོད་༥ སོགས་ནང་ཆོས་གཙོ་བོར་བྱས་པའི་ཆོས་གཞུང་སྣ་ཚོགས་དང་། གཞན་ཡང་དེབ་གཟུགས་ལྔ་བཅུའི་བདག་ཉིད་ཅན་ཏེ་འཛམ་གླིང་ལོ་རྒྱུས་ཀུན་གསལ་མེ་ལོང་ཞེས་པ་དང་། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་འདྲ་མིན་དང་། མི་སྣ་གྲགས་ཅན་སོགས་ཀྱི་ངོ་སྤྲོད་དང་ལོ་རྒྱུས། དེ་བཞིན་སྙན་རྩོམ་དང་དཔྱད་རྩོམ། སྒྲུང་རྩོམ།  བྱིས་སྒྲུང་། མདོར་ན་རིག་གནས་སྣ་འདུས་ཀྱི་དཔེ་ཚོགས་མི་ཉུང་བ་ཞིག་བླུ་ཡོན་ཞུས་ཡོད་པས། དོན་གཉེར་ཅན་མི་ཉུང་བ་ཞིག་ལ་ཐུགས་ཕན་སོས་པའི་རེ་བ་ཞུ་བཞིན་ཡོད་ལགས་ན་ཐུགས་སྣང་ཡོང་བར་ཞུ།

༄༅།། འདས་པའི་ཆར་དཔལ་ན་ལནྜ་གཉིས་པར་གྲགས་པའི་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་བཤད་སྒྲུབ་བསྟན་པའི་འབྱུང་གནས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་དཔེ་མཛོད་ཁང་གིས་ཐུགས་ཁུར་ཆེ་བཞེས་ཐོག །མདོ་སྔགས་གཞུང་བརྒྱ་སྨྲ་བའི་མཁས་པའི་ཡང་རྩེ་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་། ཀུན་མཁྱེན་འཇིགས་མེད་དབང་པོ། གུང་ཐང་བསྟན་པའི་སྒྲོན་མེ་སོགས་ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བའི་མཁས་པའི་ཁྱུ་མཆོག་རྣམས་ཀྱི་གསུང་འབུམ་ཞུ་སྒྲིག་ཚད་ལྡན་གྱིས་དཔར་འགྲེམས་ཡང་ཡང་གནང་བ་དང་། ད་ལམ་ཡང་བོད་སོག་རྒྱ་གསུམ་དུ་མཛད་འཕྲིན་ཤིན་ཏུ་རྒྱས་པའི་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱི་གསུང་འབུམ་དེ་ཉིད་དགོས་མཁོ་ཆེ་ཞིང་འགྲོ་དོན་ཧ་ཅང་ཆེ་བ་མ་ཟད་དཔེ་རྒྱུན་དཀོན་ནའང་། ད་ལྟའི་བར་སུས་ཀྱང་དཔར་གསར་སྐྲུན་གནང་མ་ཐུབ་པར་ལུས་ཡོད། འོན་ཀྱང་ད་ལམ་འབྲས་སྒོ་མང་དཔེ་མཛོད་ཁང་གིས་ཐུགས་ཁུར་ཆེ་བཞེས་ཀྱིས་དཔར་གསར་སྐྲུན་གྱི་འགན་ཁུར་གནང་བ་དང་། དེ་བཞིན་ལྕང་སྐྱ་བླ་བྲང་ནས་ཀྱང་གཏོང་ཕོད་ཆེན་པོས་དཔར་སྐྲུན་གྱི་རྒྱུ་འགྲོའི་མཐུན་འགྱུར་གནང་ནས་དཔར་གསར་སྐྲུན་ཐུབ་པར་སྙིང་ནས་ཡི་རང་ཞུ་རྒྱུ་དང་འབྲེལ་སྔར་རྒྱུན་བཞིན་འདི་ག་དཔེ་མཛོད་ཁང་ལ་རིན་མེད་ཐོག་གསུང་འབུམ་ཆ་ཚང་སྦྲགས་གླ་དང་བཅས་པ་གནང་སྦྱིན་བྱུང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ།