༄༅།། དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་པ་ཡབ་སྲས་ཀྱི་བཀའ་སྲོལ་དྲི་མ་མེད་པ་རྒྱུད་ཆེན་གོང་མ་རིམ་བྱོན་གྱིས་གཙོ་བོ་ཕ་མའི་རྒྱུད་ཀྱི་འཆད་ཉན་དང་། ཡི་དམ་གསང་བདེ་འཇིགས་གསུམ་ལ་བརྟེན་པའི་སྒྲུབ་མཆོད་ཀྱི་རིམ་པ། བསྐྱེད་རྫོགས་ཀྱི་ཉམས་བཞེས་སོགས་ཐུགས་དམ་གྱི་མཐིལ་དུ་བཟུང་སྟེ་ཟབ་གསང་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་མི་ཉམས་རྒྱུན་འཛིན་གནང་བ་ལ་བར་ཆད་མི་མཐུན་པའི་གཡུལ་ལས་རྒྱལ་བའི་ཕྱིར། སྔོན་ཚེ་རྒྱལ་བའི་སྤྱན་སྔར་སངས་རྒྱས་ཀྱི་བསྟན་པར་སྲུང་བར་ཞལ་གྱིས་བཞེས་པའི་ཆོས་སྲུང་ཡེ་ཤེས་ཀྱི་སྤྱན་ལྡན་མགོན་ཆོས་རྣམ་གཉིས་ལ་བརྟེན་པའི་ཞི་རྒྱས་དབང་དྲག་གི་ལས་སྒྲུབ་ཚུལ་སྤྱི་དང་། ལྷག་པར་བསྐང་གསོ་དང་གཏོར་ཆེན་སོགས་ཀྱི་སྒོ་ནས་ལས་སྒྲུབ་པའི་སྐབས། གཙོ་བོར་རྒྱུ་དུས་ཀྱི་ཀུན་སློང་ཤིན་ཏུ་གལ་ཆེ་བ་མ་ཟད། མཆོད་གར་དབྱངས་རོལ་སོགས་ཀྱང་ཆོས་སྐྱོང་མཉེས་པའི་ཐབས་སུ་འགྱུར་བར་སྐྱེས་ཆེན་དུ་མས་ཉམས་མྱོང་ཚད་མའི་ཐོག་ནས་ཡང་ཡང་གསུངས་པ་ལྟར། རྒྱུད་ཆེན་གོང་མ་རྣམས་ཀྱིས་སྲོལ་བཏོད་པའི་བསྐང་གསོ་ཆེན་མོའི་དབྱངས་གསར་རྙིང་གི་རིམ་པ་སོགས་རྔམ་བརྗིད་གཟི་བྱིན་ཆགས་པའི་མཐོང་བརྒྱུད་ཀྱི་ཕྱག་བཞེས་བཟང་པོ་འདི་ཉིད་མི་ཉམས་རྒྱུན་འཛིན་སླད། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བྱང་འདྲེན་ཆེན་མོ་ཟུར་པ་རྒན་བློ་བཟང་ཚེ་རིང་མཆོག་ནས་རྒྱུད་པའི་ཕྱག་བཞེས་ལྟར་འཐེན་གནང་མཛད་པའི་བསྐང་གསོ་ཆེན་མོའི་དབྱངས་ཀྱི་ཐོག་མ་འཛམ་བུ་ཆུ་བོ་མ་སོགས།

དབྱངས་འཐེན་གཞུང་།  འཇིགས་བྱེད་བདག་བསྐྱེད་དང་བསྐང་གསོ།
དབྱངས་འཐེན་མཁན།  རྒྱུད་སྟོད་བྱང་ཟུར་རྒན་བློ་བཟང་ཚེ་རིང་།
དབྱངས་འཐེན་དུས།  ཕྱི་ལོ་ ༢༠༠༥  ཡས་མས།
དབྱངས་འཐེན་གནས།  རྡ་ས་ར་ཆེ་གཉིས་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་།
སྒྲིག་བཟོ་བ།  རྒྱུད་སྟོད་དཔེ་མཛོད་ཁང་།
འགྲེམས་སྤེལ་བ།  རྒྱུད་སྟོད་དཔེ་མཛོད་ཁང་།

ངོ་སྤྲོད་མདོར་བསྡུས།  གསང་ཆེན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བྱང་འདྲེན་ཆེན་མོ་ཟུར་པ་གྲགས་པ་རྒན་བློ་བཟང་ཚེ་རིང་ལགས་ནི་སྤྱིར་ཆོ་ག་ཕྱག་བཞེས་དང་འདོན་རྟ་དབྱངས་ལ་བྱང་ཆ་ཐོན་པ་མ་ཟད་ལྷག་པར་གསུང་བཟང་བར་བརྟེན། ཕྱི་ལོ་༡༩༩༢ ལོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་འདྲེན་ཆེན་མོའི་ཕྱག་རྟགས་ཕེབས་པ་བཞིན་ཕྱི་ལོ་༢༠༠༣ བར་མཛད་ཁུར་བཞེས་ཏེ། གྲྭ་ཚང་གི་མཐོང་བ་བརྒྱུད་པའི་ཕྱག་བཞེས་མི་ཉམས་རྒྱུན་གནས་ལ་ཕྱག་རྗེས་བཟང་པོ་འཇོག་གནང་མཛད་ཡོད། འདིར་དམ་པ་ཁོང་གིས་དབྱངས་འཐེན་གནང་མཛད་པའི་བདག་འཇུག་དང་བསྐང་གསོ་ཆེན་མོའི་དབྱངས་སྙན་ཞིང་འཇེབས་ལ་རྔམ་བརྗིད་ལྡན་པ་དག་གཅེས་ཉར་དང་། དོན་གཉེར་ཅན་རྣམས་ལ་ཕན་པའི་ཆེད་དུ་འགོད་སྤེལ་ཞུས།