༄༅།།  བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་༢༠༡༩ ལོར་དུས་ཆེན་སུམ་འཛོམས་ཀྱི་དྲུག་བརྒྱའི་རྒྱུད་ཆེན་རྗེས་དྲན་ཆེན་མོའི་གསང་སྔགས་མཁས་པའི་བགྲོ་གླེང་སྐབས་མཁས་བཙུན་བཟང་གསུམ་གྱི་བདག་ཉིད་དགེ་བའི་བཤེས་གཉེན་ཆེན་པོ་མཁས་གྲུབ་ནོར་བཟང་མཆོག་དང་། དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་འབྲུག་གྲགས་རྣམ་གཉིས་ཀྱིས་ལོ་མང་རིང་ཐུགས་ངལ་འཛེམས་མེད་ཀྱིས་གསང་ཆེན་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་བསྐྱེད་རིམ་པ་དང་། གདན་ས་ཁག་ནས་ཕེབས་པའི་ཆོས་ཐོག་དགེ་བཤེས། དེ་བཞིན་དོན་གཉེར་ཅན་རྣམས་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་གི་ཉིང་ཁུ་ཟབ་གསང་རྡེ་རྗེ་ཐེག་པའི་ཡང་རྩེ། ས་གསུམ་གྱི་སྒྲོན་མེ་ལྟ་བུའི་ལེགས་བཤད་རྨད་དུ་བྱུང་བ་སྔགས་རིམ་ཆེན་མོ་དང་། རིམ་ལྔ་གསལ་སྒྲོན་སོགས་དང་། དེ་བཞིན་རྒྱུད་ཆེན་རྡོ་རྗེ་འཆང་ཡབ་སྲས་རྣམ་གཉིས་ཀྱི་རྒྱུད་ཊཱིཀ་ཆེན་མོ་སོགས་ཀྱི་དཔེ་ཁྲིད་དང་བཤད་ལུང་གི་རྒྱུན་བཟང་སྤེལ་བ་དང་། དེ་དང་ཕྱོགས་མཚུངས་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཟབ་གསང་སྔགས་ཀྱི་དབང་ལུང་མན་ངག་གི་རྒྱུན་དཀོན་རིགས་རྣམས་བཙལ་འཚོལ་གྱིས་ཐུགས་དམ་ཉམས་བཞེས་དང་འབྲེལ། སྐལ་བ་དང་ལྡན་པའི་དོན་གཉེར་ཅན་རྣམས་ལ་བཤད་ཁྲིད་དང་མན་ངག་བདུད་རྩིའི་རྒྱུན་བཟང་དུས་ནས་དུས་སུ་སྤེལ་བཞིན་པ་སྟེ། རྗེ་བླ་མའི་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེའི་འཕྲིན་ལས་ཀྱི་འཇུག་པ་དུས་ཀྱི་མཐར་ཡང་མི་ཉམས་པར་གནས་པའི་རྨད་དུ་བྱུང་བའི་མཛད་བཟང་བསྐྱངས་པར་བརྟེན། གྲྭ་ཚང་རིན་པོ་ཆེ་ནས་མཛད་བཟང་ཤེས་པའི་ཡི་རང་བསྔགས་བརྗོད་དང་འབྲེལ་མཚན་དོན་མཐུན་པའི་༼   རྡོ་རྗེ་འཛིན་པའི་ཆེད་བསྟོད་གཟེངས་རྟགས་   ༽   ཞེས་པ་དེ་ཉིད། ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་ ༥ ཉིན་༸འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་ཆེན་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་དགྱེས་སྩོལ་གནང་བཞིན་པའི་རྣམ་པ།

༈ རྡོ་རྗེ་འཛིན་པའི་ཆེད་བསྟོད་གཟེངས་རྟགས།  

༄༅།། རྡོ་རྗེ་འཛིན་པ་ཆེན་པོ་དགེ་བའི་བཤེས་གཉེན་༼   མཁས་གྲུབ་ནོར་བཟང་   ༽  མཆོག་གིས་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་གཟེངས་སུ་ཐོན་པའི་རླབས་ཆེན་གྱི་མཛད་བཟང་བསྐྱངས་པ་ལ་ཆེད་དུ་བསྟོད་པའི་གཟེངས་རྟགས་སུ། ༸རྗེ་བཙུན་ཀུན་དགའ་དོན་གྲུབ་མཆོག་སྐུའི་མཚན་དཔེ་བཞད་ནས་ལོ་ ༦༠༠ འཁོར་བའི་རྒྱུད་ཆེན་རྗེས་དྲན་གྱི་དུས་སྟོན་དང་བསྟུན། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་འདུས་སྤྱི་ནས། སྟོན་པ་བདེ་བར་གཤེགས་ནས་ལོ་ ༢༥༦༣ བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་༢༠༡༩ ཟླ་ ༡༡ ཚེས་ ༥ ལ་ཕུལ། ༼   ཆེད་བསྟོད་གཟེངས་རྟགས་ངོས་ཀྱི་བརྗོད་ཚིག་ཇི་བཞིན་བཀོད།   ༽ 

༈ རྡོ་རྗེ་འཛིན་པ་མཁས་གྲུབ་ནོར་བཟང་ཞབས་ལ་མངོན་པར་བསྟོད་པ། 

༄༅།། ཚོགས་གཉིས་ཤར་རིའི་བ་གམ་རྩེར་འཕགས་ཤིང་།། མཁྱེན་རབ་ཆ་ཤས་ཡོངས་སུ་གང་བ་ཅན།། ཕན་བདེའི་ཀུ་མུད་བཞད་པའི་དཔལ་ཡོན་འཛིན།། དཔལ་ལྡན་བླ་མ་བསིལ་སྦྱིན་དབང་པོ་རྒྱལ།།  རབ་དྭངས་དད་པའི་རྫིང་བུ་ལས།། འཁྲུངས་པའི་བསྟོད་ཚིག་འདབ་བརྒྱའི་ཕྲེང་།། ཐུབ་བསྟན་ནོར་འཛིན་སྐྱོབ་པའི་དཔལ།། ས་ཡི་བརྒྱ་བྱིན་མགུལ་དུ་སྤུད།། འཇིགས་པ་མི་བཟད་སྙིགས་མ་དང༌།། ཆེས་སྙིགས་ཀྱིས་གཙེས་འཇིག་རྟེན་འདིར།། རྒྱལ་སྲས་སེམས་དཔའ་མཐུ་ལྡན་གཞན།། མཐོང་དང་ཐོས་པའི་ཡུལ་དུ་དབེན།།  ཉི་མས་གདུང་བའི་གཉིས་འཐུང་དབང་།། རིང་ནས་པད་མའི་རྫིང་བུ་ཡིས།། བོས་བཞིན་སྙིང་རྗེས་གང་བ་ཁྱེད།། ཁོ་ནས་དུས་དེར་འགྲོ་ལ་གཟིགས།།  བསླབ་གསུམ་གདེང་ཀ་རབ་མཛེས་པར།། རིམ་གཉིས་ནོར་བུའི་ཅོད་པཎ་བརྗིད།། ཟབ་ཡངས་རྒྱུད་སྡེ་རྒྱ་མཚོ་ལ།། དབང་བསྒྱུར་ཀླུ་དབང་ཁྱོད་མིན་སུ།།  མདོ་སྔགས་གཞུང་ལུགས་རིན་ཆེན་གཏེར།། མ་ལུས་ཐུགས་ཀྱི་བུམ་བཟང་ན།། དོག་པ་མེད་པར་རབ་བཀོད་པ།། ཁྱེད་ཀྱིས་གདམས་པའི་མཛོད་ཀུན་འཆང་།།  སྙིགས་མའི་དུས་ཀྱི་མཚོར་བྱིང་བའི།། རྒྱུད་སྡེ་རྣམ་བཞིའི་རིག་བྱེད་གཞུང་།། བཤད་དང་སྒྲུབ་པ་རུས་སྦལ་གྱིས།། འདེགས་མཁན་ཁྱབ་འཇུག་བྱེད་མིན་སུ།། མདོར་ན་བཤད་དང་སྒྲུབ་པ་སོགས།། མ་ལུས་ལུས་པ་མེད་པ་ཉིད།། ཡབ་རྗེ་རྒྱལ་བའི་བཀའ་ཡི་ཟུར།། ཉམས་པ་མེད་པ་ཁྱེད་ཀྱིས་མཛད།། གདུལ་བྱའི་བློ་ཡི་མུན་པ་སེལ་བའི་གཉེན།། བློ་བཟང་བསྟན་པའི་འདབ་སྟོང་བཞད་པའི་དཔལ།། འཕྲིན་ལས་འོད་སྟོང་བདག་པོ་རྡོ་རྗེའི་ཁམས།། འགྱུར་མེད་རྟག་པའི་ངོ་བོར་བཞུགས་སུ་གསོལ།། ༼   ཝཱར་ཎ་མཐོ་སློབ་ཀྱི་ལྔ་རིག་སྨྲ་བའི་མཁས་དབང་སློབ་དཔོན་༸རག་རྡོ་མཆོག་སྤྲུལ་རིན་པོ་ཆེས་མཛད་པའོ།།   ༽  

༈ རྡོ་རྗེ་འཛིན་པའི་ཆེད་བསྟོད་གཟེངས་རྟགས།

༄༅།། རྡོ་རྗེ་འཛིན་པ་ཆེན་པོ་དགེ་བའི་བཤེས་གཉེན་བློ་བཟང་འབྲུག་གྲགས་མཆོག་གིས་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་གཟེངས་སུ་ཐོན་པའི་རླབས་ཆེན་གྱི་མཛད་བཟང་བསྐྱངས་པ་ལ་ཆེད་དུ་བསྟོད་པའི་གཟེངས་རྟགས་སུ། ༸རྗེ་བཙུན་ཀུན་དགའ་དོན་གྲུབ་མཆོག་སྐུའི་མཚན་དཔེ་བཞད་ནས་ལོ་ ༦༠༠ འཁོར་བའི་རྒྱུད་ཆེན་རྗེས་དྲན་གྱི་དུས་སྟོན་དང་བསྟུན། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་འདུས་སྤྱི་ནས། སྟོན་པ་བདེ་བར་གཤེགས་ནས་ལོ་ ༢༥༦༣ བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་༢༠༡༩ ཟླ་ ༡༡ ཚེས་ ༥ ལ་ཕུལ། ༼ཆེད་བསྟོད་གཟེངས་རྟགས་ངོས་ཀྱི་བརྗོད་ཚིག་ཇི་བཞིན་བཀོད།༽   

༈ རྡོ་རྗེ་འཛིན་པ་བློ་བཟང་འབྲུག་གྲགས་ཞབས་ལ་མངོན་པར་བསྟོད་པ། 

༄༅།། མཁྱེན་བརྩེ་རྟ་བདུན་དབང་པོས་ཉེར་དྲངས་པའི།། རྒྱལ་བསྟན་པད་མོའི་ཚལ་གྱི་གཉེན་གཅིག་པུ།། འཕྲིན་ལས་འོད་སྟོང་གདུལ་བྱའི་འཛིན་མར་ཁྱབ།། བཤེས་གཉེན་སྣང་བྱེད་དབང་པོ་དེ་ལ་འདུད།།  དཔལ་ལྡན་ཐུབ་བསྟན་བདག་པོའི་སྙན་ཤལ་ལ།། རབ་དྭངས་དད་པའི་ཡིད་མཚོ་ལས་བལྟམས་ཤིང་།། སྤུད་པར་འོས་པའི་བསྟོད་ཚིག་ཆུ་སྐྱེས་ཕྲེང་།། དོན་གྱི་དྲི་བསུང་རྫོགས་འདི་འབུལ་ལ་སྤྲོ།། རྒྱལ་སྲས་རྣམས་ཀྱང་དག་པའི་ཞིང་གཞན་ན།། དུས་འདིར་སྙིང་སྟོབས་རྨད་བྱུང་སེམས་དཔའ་ཆེ།། བཞུགས་ཤིང་དགྱེས་དགུར་སྤྱོད་པ་མཐའ་དག་ལས།། བརྩེ་བས་གང་བའི་བུམ་བཟང་ཁྱོད་མིན་སུ།། རྣམ་དག་དབང་བཞིའི་རིན་ཆེན་ཁམས་ལས་གྲུབ།། རིམ་གཉིས་ཉི་ཟླའི་འོད་རྣོན་གྱིས་འཁྱུད་པ།། རྒྱུད་སྡེ་བཞི་ཡི་བང་རིམ་རྐེད་རགས་ཅན།། ཁྱོད་ལས་གཞན་དུ་ལྷུན་པོའི་དབང་པོ་གང་།། ཟབ་ཡངས་རྒྱུད་སྡེ་རྒྱ་མཚོར་དབང་སྒྱུར་ཞིང་།། སྐལ་བཟང་ཀླུ་དབང་ཚོགས་ཀྱི་ཉེར་འཚོའི་གཞི། ཙིཏྟ་མ་ཎིའི་དངོས་གྲུབ་ཅོད་པཎ་ཅན།། ཁྱོད་མིན་གདེང་ཅན་དབང་པོ་གང་ལ་ཞིག །བསླབ་པ་ཐོས་བསམ་སྤོང་བ་བསམ་གཏན་སོགས།། བསྟན་པའི་གདུགས་དཀར་རྩིབས་མ་རེ་རེ་སྟེ།། རྫོགས་པར་འདེགས་པ་རྒྱལ་བའི་བཀའ་སྒྲུབ་པ།། ཡུ་བ་ཁོ་ན་ཁྱོད་ལས་གཟིགས་པ་གང༌།། རྒྱུད་སྡེ་ཀུན་གྱི་ཕྱི་མའི་ཕྱི་མ་ཉིད།། འཇིག་རྟེན་གསུམ་གྱི་རིན་ཆེན་གཅིག་པུ་དང་།། སངས་རྒྱས་བསྟན་པའི་སྲོག་གཅིག་གྱུར་པ་གང་།། ཁྱོད་ཀྱིས་བཤད་དང་སྒྲུབ་པ་ཁོ་ནས་བཟུང་།། སྙིགས་མ་རྡུལ་གྱི་མུན་པས་ཁྱབ།། གཡང་སར་འཁྱམས་པ་ཉམ་ངའི་འགྲོའི།། བློ་མིག་ལིང་ཏོག་གིས་བསྒྲིབས་ཤིང་།། འདྲེན་པར་རྟག་ཏུ་བཞུགས་སུ་གསོལ།། ༼   ཝཱར་ཎ་མཐོ་སློབ་ཀྱི་ལྔ་རིག་སྨྲ་བའི་མཁས་དབང་སློབ་དཔོན་༸རག་རྡོ་མཆོག་སྤྲུལ་རིན་པོ་ཆེས་མཛད་པའོ།།  ༽

༈ དཔེ་མཛོད་ཁང་གི་སྤྱི་ཁྱབ་སློབ་སྟོན་པ་སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཞུ་ཆེན་པ་དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་མཁས་གྲུབ་ནོར་བཟང་། དཔེ་མཛོད་ཁང་གི་འགན་འཛིན་བསྐྱེད་རིམ་པ་བློ་བཟང་ཀླུ་སྒྲུབ། དཔེ་མཛོད་ཀྱི་ལམ་སྟོན་པ། ཟླ་བ་དོན་གྲུབ(ཨཱཅཱརྱ།) ལག་བསྟར་ཞུ་སྒྲིག་པ་རླངས་ཚང་བསྟན་འཛིན་རབ་བརྟན། ཞུ་སྒྲིག་ལས་རོགས་དགེ་བཤེས་འཇམ་གཅེས་སོགས།