གསང་བདག་མི་ཡི་རྣམ་རོལ་རྒྱུད་ཆེན་རྡོ་རྗེ་འཆང་རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་གིས་མཛད་པའི་ལེགས་བཤད་རྨད་དུ་བྱུང་བ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ལེའུ་བཅུ་བདུན་ཅན་གྱི་རྩ་འགྲེལ་གྱི་ཚིག་དོན་གསལ་བར་འཆད་པའི་མན་ངག་རིམ་པ་གཉིས་ཀྱི་དངོས་གྲུབ་ཀྱི་གཏེར་མཛོད་ཅེས་བྱ་བའི་བསྟན་བཅོས་འདིའི་གཞུང་དོན་བརྗོད་བྱའི་ཁྱད་ཆོས་ནི། རྒྱུད་འགྲེལ་ཆེན་མོ་འགྲེལ་པ་བཞི་སྦྲགས་རྩ་བར་བཟུང་སྟེ་གཞུང་བསྲངས་པ་ནི་རྒྱུད་ཊཱིཀ་གཞན་དང་མཚུངས་ཀྱང་གཞུང་འདིར་འབུར་དུ་ཐོན་པའི་ཁྱད་ཆོས་མང་པོ་ཡོད་པ་ནི་རྒྱུད་ཆེན་ཤེས་རབ་སེང་གེའི་མན་ངག་གི་གསུང་སྒྲོས་ཀྱི་ཟབ་གནད་ཁག་འདིར་འཁོད་པ་དང་། ལྷག་པར་རྗེ་ཤེར་སེང་ཡབ་སྲས་གཉིས་ཀྱི་རྒྱུད་ཊཱིཀ་ཏུ་ཞལ་མི་གསལ་བའི་རིགས་འགའ་ཞིག་རྒྱུད་འགྲེལ་གྱི་མཆན་ལ་གཏུགས་ཏེ་དག་ཐེར་ཡང་ཡང་མཛད་པ། ཀ་རྟགས་ཁ་རྟགས་ཀྱི་དཀྲུགས་བཤད་འགའ་ཞིག་ཀྱང་མཆན་འགྲེལ་ཆེན་མོ་ཉིད་དང་སྦྱར་ནས་གསལ་སྟོན་མཛད་པ། རྗེ་ཤེར་སེང་ཡབ་སྲས་ཀྱི་གཞུང་དུ་ཞིབ་རྒྱས་འཁོད་པའི་དྲང་ངེས་སོགས་ཀྱི་བཤད་པ་འགའ་ཤས་ལ་རྒྱས་བཤད་མི་དགོས་པར་མདོར་བསྡུས་ཤིང་རྡོག་འདྲིལ་བ་རེ་འགོད་གནང་མཛད་པ། ཡང་སྒོས་ལྷག་པར་ཅན་དུ་ཊཱིཀ་བྱེད་ཕལ་མོ་ཆེས་རྩ་རྒྱུད་ལེའུ་བཅུ་གསུམ་མན་ཆད་ཀྱི་ཚིག་དོན་ཅུང་ཟད་གོ་སླ་བ་དང་ལས་ཚོགས་བསྟན་པ་རྒྱུ་མཚན་དུ་བྱས་ནས་གཞུང་འགངས་ཆུང་བ་འཛིན་ནའང་རྗེ་འདིས་ནི་གལ་ཆེ་བར་འཛིན་གནང་སྟེ།

ཕྱི་ལོ་༢༠༡༧ ཟླ་༡༡ ཚེས་༡-༥ བར་དུ་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཐོག་དམིགས་བསལ་མཁས་དབང་དང་ཆེད་ལས་པ་གདན་ཞུས་ཀྱིས་རིས་མེད་ཆོས་སྡེ་ཁག་གི་སྐུ་ཚབ་དང་། ཟུར་ཉན་པ་སོགས་ཚོགས་ཞུགས་མི་སྣ་བརྒྱ་སྐོར་ཞིག་ལ་དཔེ་དེབ་ཞུ་སྒྲིག་ཚད་ཡོང་ཐབས་དང་གནའ་དེང་དཀར་ཆག་རིག་པའི་སྐོར་གྱི་རྒྱལ་ཡོངས་ཟབ་སྦྱོང་ཐེངས་དང་པོ་གནང་སྐབས།  འདི་གའི་དཔེ་མཛོད་ཀྱིས་གསར་དུ་དཔར་སྐྲུན་ཞུས་པའི་རྒྱུད་ཆེན་རྡོ་རྗེ་འཆང་རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོས་མཛད་པའི་རྒྱུད་ཊཱིཀ་རིམ་གཉིས་གཏེར་མཛོད་རྩ་འགྲེལ་སྦྱར་མ་དེ་བཞིན་ཉིན་དང་པོའི་བགྲོ་གླེང་གི་མཛད་སྒོའི་སྐབས། སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་འབྱེད་བཀའ་དྲིན་སྐྱོང་བཞིན་པའི་སྐུ་པར།