ཕྱི་ལོ་ ༢༠༡༢ ལོར་སྒྲུབ་རྒྱུད་བསྟན་པའི་གསལ་བྱེད་དཔལ་རྒྱལ་བའི་དབང་པོ་༸ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་། སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག །སྐབས་དེའི་གྲྭ་ཚང་གི་མཁན་རིན་པོ་ཆེ་སྐྱབས་རྗེ་ལོ་དགོན་སྤྲུལ་སྐུ་བྱམས་པ་ཆོས་བཟང་རིན་པོ་ཆེ་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མི་རྗེ་སྐུ་ངོ་པདྨ་ཆོས་འབྱོར་སོགས་ཕྱི་ནང་གཞུང་སྒེར་གྱི་གནད་ཡོད་མི་སྣ་དུ་མ་ལྷན་འཛོོམས་ཐོག་རྒྱུད་སྟོད་དཔེ་མཛོད་ཁང་སྒོ་འབྱེད་མཛད་སྒོ་དང་འབྲེལ་གསང་ཆེན་སྟོད་རྒྱུད་པོད་ཕྲེང་དང་པོ་དབུ་འབྱེད་དང་།སྐབས་དང་པོའི་དགེ་བཤེས་སྔགས་རམས་པའི་ཕྱག་ཁྱེར་འབུལ་བཞེས་གནང་བའི་སྐབས་ཀྱི་དྲན་རྟེན་སྐུ་པར།

༈ དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བཀའ་དྲིན་རྗེས་དྲན་གྱི་མཚོན་རྟགས།

༄༅།།  ཨོྃསྭསྟི།  ཟབ་གསང་བླ་ན་མེད་པའི་ཆོས་འཁོར་སྐྱེ་བ་ལྔ་པའི་ནཱ་དའི་དབྱངས།། ཀུན་རྟོག་རིམས་ནད་གཞོམ་པའི་གཤེད་དུ་སྒྲོགས་མཛད་ཁྱབ་བདག་དཀྱིལ་འཁོར་གཙོ།། གང་དེའི་གཞལ་དཀའི་བཀའ་དྲིན་ཕུང་པོ་ཆ་ཙམ་བསབ་དང་ལྷན་ཅིག་ཏུ།། བསྐལ་བརྒྱར་ཞབས་བརྟན་དམ་ཆོས་བདུད་རྩི་རྟག་ཏུ་སྩོལ་བར་གསོལ་བའི་སླད།། གཉིས་མེད་བདེ་སྟོང་ཟུང་འཇུག་ཡེ་ཤེས་བརྗོད་བྲལ་དག་པ་དབྱིངས་ཀྱི་ཁམས།། མཚོན་བྱེད་ཐབས་ཀྱི་རྡོ་རྗེའི་གདེངས་ཀ་ཤེས་རབ་དྲིལ་བུ་དང་འགྲོགས་པ།། རྣམ་དག་འགྱུར་མེད་དམ་ཚིག་རྫས་སུ་མི་ཕྱེད་དད་པས་འབུལ་ལགས་ན།། བདག་ཅག་བསོད་ནམས་མཆོག་གི་སྐལ་བར་དམིགས་མེད་བརྩེ་བས་བཞེས་སུ་གསོལ།། ༼    བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་ཞལ་གསུང་བྱིན་ཅན་ནོ།།   ༽

༄༅།། བོད་རྒྱལ་ལོ་ ༢༡༤༦ རབ་བྱུང་བཅུ་བདུན་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢ ཉིན་རྒྱུད་ཆེན་རྡོ་རྗེ་འཆང་༸རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་སྐུའི་མཚན་དཔེ་བཞད་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་རྒྱུད་ཆེན་རྗེས་དྲན་གྱི་དུས་སྟོན་དང་བསྟུན། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུའི་ཕྲེང་བ་བཅུ་བཞི་པ་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག །རང་ཅག་ཁ་བ་གངས་ཅན་པའི་བསྟན་སྲིད་ཆེས་གཉན་འཕྲང་གི་དུས་འདིར་རྨད་བྱུང་ཐུགས་བསྐྱེད་ཀྱི་གོ་ཆ་བཙན་པོ་བཞེས་ཏེ། རྒྱལ་བསྟན་ཆབ་སྲིད་དང་བཅས་པ་རྨང་ནས་གསོ་བར་མཛད་པ་མ་ཟད། ལྷག་པར་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་གདམས་ཟབ་བདུད་རྩི་ཡང་ཡང་བསྩལ་བའི་བཀའ་དྲིན་རྗེས་དྲན་གྱི་མཚོན་རྟགས་སུ། སྐྱབས་འོག་པ་རྒྱུད་སྟོད་མཁན་བླ་འདུས་མང་ཡོངས་ཀྱིས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱུ་གཞར་ཡང་མི་ལྷོད་པའི་གསོལ་འདེབས་ཤུགས་དྲག་དང་བཅས་དང་བས་ཕུལ་བ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།།

བཀའ་དྲིན་རྗེས་དྲན་མཚོན་རྟགས་ཀྱི་བཤད་པ།

དེ་ཡང་ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པས་མགོན་པོ་གང་ཉིད་ཀྱི་ཆོས་སྲིད་རླབས་ཆེན་གྱི་མཛད་འཕྲིན་སྤྱི་དང་། ལྷག་པར་འོག་གཞིར་བུམ་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བ། གཡས་ཀྱི་རྡོ་རྗེས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་དང་། གཡོན་གྱི་དྲིལ་བུས་ཤེས་རབ་སྟོང་པ་ཉིད། དེ་གཉིས་ཀས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཐུགས་རྒྱུད་ལ་མངའ་བས་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་མངོན་པར་བཞེངས་པ། རྩེ་མོའི་དུང་དཀར་གཡས་སུ་འཁྱིལ་བས་དེ་ལྟ་བུའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསང་གསུམ་མཛད་འཕྲིན་གྱི་མཚན་སྙན་ཕྱོགས་ཀྱི་མཐའ་དབུས་མེད་པར་རྒྱུན་མི་ཆད་པར་ཁྱབ་བཞིན་པ་བཅས་མཚོན།

༈ རྒྱུད་ཟུར་མཐུན་འབྲེལ་ཚོགས་པའི་བཀའ་དྲིན་རྗེས་དྲན་གྱི་མཚོན་རྟགས།

༄༅།། ཨོྃསྭསྟི། གཞོམ་བྲལ་ཟུང་འཇུག་རྡོ་རྗེའི་སྐུ་མཆོག་ལ།། འཕོ་འགྱུར་བགྲེས་རྒུད་མཚན་མ་མི་མངའ་ཡང་།། ཐ་མལ་ཚུར་མཐོང་སྐྱེ་རྒུའི་མཐོང་སྣང་དུ།། མཇལ་འོས་གཟུགས་སྐུ་བསྐལ་བརྒྱར་ཞབས་བརྟན་སླད།། བུམ་བཟང་འཆི་མེད་བདུད་རྩིས་ཡོངས་གཏམས་པ།། བཅོམ་ལྡན་ཚེ་མཐའ་ཡས་པའི་སྣང་བརྙན་ཅན།། དད་པས་འབུལ་བ་བརྩེ་བས་དགྱེས་བཞེས་ཏེ།། བདག་ཅག་ཡིད་ཀྱི་རེ་བ་དོན་ལྡན་མཛོད།། ༼    བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་ཞལ་གསུང་བྱིན་ཅན་ནོ།།   ༽

༄༅།། བོད་རྒྱལ་ལོ་༢༡༤༦ རབ་བྱུང་བཅུ་བདུན། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢ རྒྱུད་ཆེན་རྡོ་རྗེ་འཆང་རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་སྐུ་འཁྲུངས་ནས་ལོ་དྲུག་བརྒྱ་འཁོར་བའི་རྒྱུད་ཆེན་རྗེས་དྲན་གྱི་དུས་སྟོན་ཉིན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུའི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་ནས། རང་ཅག་གངས་དཀར་རི་བོའི་ཁོར་ཡུག་ཏུ་གནས་པའི་གདོང་དམར་བ་ཡོངས་རྫོགས་སྔ་ན་མ་གྲགས་པའི་སྡུག་བསྔལ་མུན་པའི་ཀློང་དུ་ཚུད་པའི་ཚེ་སྔོན་གྱི་ཐུགས་བསྐྱེད་བཟང་པོ་དུས་སུ་སྨིན་པས་རྒྱལ་བསྟན་ཆབ་སྲིད་མི་རིགས་རིག་གཞུང་དང་བཅས་པ་ཉིན་མོ་ལྟར་ཆེས་ཆེར་གསལ་བར་མཛད་པ་མ་ཟད། ལྷག་པར་ཆོས་དང་ཟང་ཟིང་གི་བྱམས་སྐྱོང་ཚད་མེད་ཕ་མས་བུ་ལ་ཇི་ལྟར་བརྩེ་བ་བཞིན་ངལ་མེད་གནང་བའི་བཀའ་དྲིན་རྗེས་དྲན་གྱི་མཚོན་རྟགས་སུ། གུས་འབངས་སྐྱབས་འོག་པ་རྒྱུད་ཟུར་མཐུན་འབྲེལ་ཚོགས་པའི་ཚོགས་མི་ཡོངས་ཀྱིས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་མཉེས་བཞིན་རྗེས་སུ་འཛིན་པའི་གསོལ་འདེབས་ཤུགས་དྲག་དང་བཅས། དད་གུས་རྩེ་གཅིག་པས་ཕུལ་བ་དགེ་བར་གྱུར་ཅིག

༼    བཀའ་དྲིན་རྗེས་དྲན་གྱི་མཚོན་རྟགས་སུ་བཀོད་པའི་བརྗོད་ཚིག་ཇི་བཞིན་བཀོད་པའོ།།   ༽

བཀའ་དྲིན་རྗེས་དྲན་མཚོན་རྟགས་ཀྱི་བཤད་པ།

ཚེ་བུམ་གྱིས་མགོན་པོ་གང་ཉིད་ཀྱི་ཐུགས་རྒྱུད་སྟོང་ཉིད་སྙིང་རྗེས་ཡོངས་སུ་གཏམས་པ་དང་། དཔག་བསམ་ཤིང་གིས་འགྲོ་བ་ཀུན་ལ་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཆར་བཞིན་བསྙིལ་བ། ཚེ་དཔག་མེད་ཀྱི་སྐུ་བརྙན་གྱིས་སྐུ་ཚེ་མི་ཤིགས་དྲང་སྲོང་ཚེ་མཐའ་ཡས་པའི་ངོ་བོར་རྟག་ཏུ་བཞུགས་པ། དུང་དཀར་གྱིས་གསང་གསུམ་གྱི་མཛད་འཕྲིན་ཕྱོགས་བཅུར་ཁྱབ་པ་དང་གྲྭ་ཚང་རིན་པོ་ཆེར་དད་དམ་གཡོ་མེད་ཀྱིས་གཙུག་ཏུ་བཀུར་བ་བཅས་མཚོན།

༈ བོད་རྒྱལ་ལོ་༢༡༤༦ ཕྱི་ལོ་༢༠༡༩ ལོར་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་ཞལ་སྔ་ནས་ཀྱིས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་མཛད་པ་དང་། རྗེ་ཉིད་ཀྱིས་རྒྱུད་ཆེན་ཤེས་རབ་སེངྒེར་རྒྱུད་ཀྱི་གླེགས་བམ་གནང་སྟེ་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་མཛད་པ། རྒྱུད་ཆེན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་ངོ་མཚར་སྐུ་ཡི་མཚན་དཔེའི་དཀྱིལ་འཁོར་བཞད་ནས་ལོ་ངོ་དྲུག་བརྒྱ་ཐམ་པ་འཁོར་བ་བཅས། དུས་ཆེན་སུམ་འཛོམས་ཀྱི་རྒྱུད་ཆེན་རྗེས་དྲན་གྱི་དུས་སྟོན་སྐབས། ལྷར་བཅས་འགྲོ་བ་ཡོངས་ཀྱི་གཙུག་རྒྱན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་ཟུང་གསེར་གྱི་འཁོར་ལོ་མཛད་སྒོའི་ཚོགས་མགོན་དུ་མངོན་པར་བཀོད་ཅིང་། རྒྱུད་ཆེན་རྗེས་དྲན་ཆེན་མོའི་གསང་སྔགས་མཁས་པའི་བགྲོ་གླེང་གི་དབུ་བཞུགས་བཀའ་དྲིན་ཆེ་བ་མ་ཟད། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་དང་། དད་དམ་ལྷག་བསམ་གཡོ་བ་མེད་པའི་རྒྱུད་ཟུར་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཚེ་རབས་དུ་མར་བསགས་པའི་རྣམ་དཀར་གྱི་འབྲས་བཟང་དུས་སུ་སྨིན་པ་ལས། ༸མགོན་པོ་གང་ཉིད་ཀྱི་སྐུ་ཚེ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་ཕྱིར་དུ་བརྟན་བཞུགས་བསྟར་འབུལ་ཞིབ་རྒྱས་དང་འབྲེལ། རྟེན་འབྲེལ་དང་དགོས་པ་ཁྱད་པར་ཅན་དུ་མ་ལ་དམིགས་ཏེ་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་རིན་ཆེན་གཉིས་པ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོ་རྡོར་དྲིལ་དང་ཆོས་དུང་གིས་བརྒྱན་པ་དང་། རྒྱུད་ཟུར་མཐུན་འབྲེལ་ཚོགས་པ་ནས་རིན་ཆེན་གཉིས་པ་ལས་གྲུབ་པའི་ཚེ་བུམ་དཔག་བསམ་གྱི་ཤིང་དང་ཚེ་དཔག་མེད་ཀྱི་སྣང་བརྙན་དུང་དཀར་གྱིས་བརྒྱན་པ་བཅས་༼    བཀའ་དྲིན་རྗེས་དྲན་གྱི་མཚོན་རྟགས་  ༽   སུ་འབུལ་རྒྱུའི་སྲིད་ན་རྙེད་དཀའི་སྐལ་བཟང་གི་དུས་སྟོན་མངོན་པར་ཤར།

རྒྱས་པར་གཟིགས་འདོད་ན་འདི་ནས་པར་མཛོད་དུ་ཕེབས།