༄༅།། རྒྱལ་མཆོག་འདི་ཉིད་དྭགས་པོ་སྣང་རྫོང་ཁོངས་གླང་མདུན་ཞེས་པའི་ཁྱིམ་དུ་ཡབ་ཀུན་དགའ་རིན་ཆེན་དང༌། ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་མེ་བྱི་ ༡༨༧༦  ལོའི་ཟླ་ ༥  ཉིན་ངོ་མཚར་བའི་རྟགས་མཚན་མང་པོ་དང་བཅས་སྐུ་བལྟམས། གཙོ་བོ་འདོད་ཁམས་བདག་མོའི་བླ་མཚོར་གླང་མདུན་གྱི་བཀོད་པ་ཤར་བ་དང༌། ༸པཎ་ཆེན་བསྟན་པའི་དབང་ཕྱུག་གིས་ཐུགས་དམ་བརྟག་པ། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་སོགས་རྩེ་མཐུན་བྱུང་བ་བཅས་བརྟག་པ་སླ་ཆོས་སུ་མ་སོང་བའི་བརྒྱུད་རིམ་ཁྲོད་ནས་༸རྒྱལ་དབང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་མཆོག་གི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་བསྐྱངས།

དེ་ལྟར་ཡང་སྲིད་འཁྲུལ་བྲལ་རྙེད་རྗེས་ས་སྟག་ཟླ་བ་དང་པོའི་ཚེས་བཅུ་གཅིག་ཉིན་ཚལ་གུང་ཐང་གི་གཙུག་ལག་ཁང་དུ་༸ཀུན་གཟིགས་པཎ་ཆེན་བསྟན་པའི་དབང་ཕྱུག་མཆོག་གིས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་༸རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་ཞེས་གསོལ།

དེ་རྗེས་ས་སྟག་ཟླ་ ༦ ཚེས་ ༡༣  ཕྱི་ལོ་ ༡༨༧༩  ལ་གངས་ལྗོངས་ལྷ་མི་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས་བསུ་བ་ཞུས་ཏེ་ཕོ་བྲང་པོ་ཏཱ་ལའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་མཛད་པ་དང་གང་གི་གཟི་བྱིན་ཉི་མའི་འོད་སྟོང་ལྷ་ལྡན་གྲོང་ཁྱེར་ནས་བོད་ལྗོངས་ཆོལ་ཁ་གསུམ་ལ་དུས་ཅིག་ཅར་དུ་ཤར། དེ་ནས་རྒྱལ་ཚབ་རྟ་ཚག་རྗེ་དྲུང་ངག་དབང་དཔལ་ལྡན་མཆོག་དང༌། ཕུར་ལྕོག་རྗེ་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་མཆོག་གཉིས་རིགས་ཀྱི་ཅོད་པན་དུ་བཀུར་ཏེ་དམ་པའི་ཆོས་ཀྱི་གསན་སྦྱོང་དབུ་ཚུགས།

ཕྱི་ལོ་ ༡༨༨༢  ལོར་དགུང་གྲངས་བདུན་ལ་ཕེབས་ཤིང༌། ལོ་དེར་རྒྱལ་ཚབ་རྟ་ཚག་རྗེ་དྲུང་ངག་དབང་དཔལ་ལྡན་མཆོག་གི་དྲུང་དུ་ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེས་མཁན་སློབ་སྦྲགས་མ་དང་ཡོངས་འཛིན་གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་མཆོག་གིས་གསང་སྟོན་གནང་བ་སོགས་འདུལ་འཛིན་དགེ་འདུན་གྲངས་ཚང་པའི་དབུས་སུ་བསྙེན་པར་རྫོགས་ཏེ་དགེ་སློང་གི་སྡོམ་པ་བཞེས། ལོ་དེའི་ཕྱི་ཟླ་ ༨ ཚེས་ ༨ བཟང་པོར་བོད་ཁམས་ལྷ་མི་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཕོ་བྲང་ཆེན་པོ་པོ་ཏཱ་ལའི་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་སུ་ལུགས་གཉིས་ཀྱི་ཐུགས་འགན་ཡོངས་སུ་བཞེས་ཏེ་ཡུལ་གངས་ཅན་གྱི་སྐྱེ་འགྲོ་ཐམས་ཅད་སྔར་མེད་དགའ་བདེ་ཆེན་པོའི་དྲོད་ཀྱིས་བཟུང༌། དེའི་ཕྱི་ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་སེར་སྐྱ་ཁྲི་ཕྲག་མང་པོར་ཟབ་གསུང་བདུད་རྩིའི་ཆོས་འཁོར་ཐེངས་དང་པོ་བཀའ་དྲིན་བསྩལ། གསན་བསམ་གྱི་མཛད་པ་ནར་མར་བསྐྱངས་པའི་མཐར་གདན་གསུམ་མཁས་པ་སྟག་སེང་བསྣོལ་བསྡེབས་སུ་བཞུགས་པའི་ཁྲོད་ནས་བརྒལ་བརྟག་རྩོད་པའི་གྲྭ་སྐོར་དམ་བཅའ་མཛད་དེ་མཁས་པའི་གྲགས་པ་ཕྱོགས་མཐར་ཁྱབ་པ་སོགས་ཆོས་སྲིད་མཛད་འཕྲིན་དབྱར་གྱི་དཔལ་ཡོན་ལྟར་རྒྱས། ཁྱད་པར་ང་ཚོས་མཐོང་ཐུབ་པའི་གནད་ཅིག་ལ་མགོན་པོ་མཆོག་འཚོ་བཞུགས་ཀྱི་རིང་རུ་རྒྱ་དབྱིན་གསུམ་གྱི་ཧམ་པའི་མེ་ལྕེ་གངས་ལྗོངས་གཡང་ར་ཕྱུག་མོར་ཆེས་ཆེར་མཆེད་བཞིན་པའི་འཐབ་རྩོད་ཀྱི་ལོ་ཟླའི་ཁྲོད་ནས་འཚོ་བཞེས་དང་འབྲེལ། ཆབ་སྲིད་ཀྱི་གཡོ་གར་ཁྲོད་དུ་ཐུགས་སྟོབས་དཔུང་པ་བརྟན་པོས་བསྟན་སྲིད་ཀྱི་ལ་རྒྱ་དགུང་དུ་བཏེགས་ཏེ་ཕྱི་ལོ་ ༡༩༡༡  དང་  ༡༩༡༢  ནང་ལྷ་སྡོད་རྒྱ་མི་རྣམས་རང་ཡུལ་དུ་ཕྱིར་འབུད་མཛད་ནས་བོད་རང་བཙན་གཙང་མའི་གཏམ་སྙན་ཕྱོགས་བཞིའི་ཡུལ་གྲུ་ཀུན་ལ་བསྒྲགས།
ཕྱི་ལོ་ ༡༩༡༤  ཟླ་ ༤  ཚེས་ ༢༧  ལ་རྒྱ་གར་སིམ་ལར་བོད་དང་རྒྱ་གར་དབྱིན་གཞུང་རྒྱ་ནག་བཅས་འདྲ་མཉམ་རྒྱལ་ཁབ་ཀྱི་ཐོབ་དབང་ཐོག་ཆིངས་ཡིག་འཇོག་གནང་མཛད་པ་སོགས་བོད་རྒྱལ་ཁབ་ཆེན་པོའི་རང་བཙན་དག་སྐྱེལ་གཙང་མ་གནང་ཡོད། ལྷག་པར་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས། དམག་དོན་སོགས་ལ་ཡར་རྒྱས་རྒྱ་བསྐྱེད་ཀྱི་འགྱུར་གནས་འོད་འཚེར་ཆེར་བསྐྱེད་མཛད་དེ་རྒྱལ་ཁབ་ཅིག་ལ་ཚང་དགོས་པའི་དོན་གནད་ཆེ་ཕྲ་ཐམས་ཅད་ཕྱག་བཞེས་བསྐྱངས། མདོར་ན་བོད་ཁམས་ཡོངས་རྫོགས་བདེ་སྐྱིད་ཉི་འོད་ཡུག་གཅིག་གིས་འཚོ་གནས་ཀྱི་ཐུགས་རེ་ཆེན་པོ་མཛད་ཡོད་པ་དེ་ལྟར་ཡང༌། ནང་ཁུལ་རུལ་སུངས་ཀྱི་རྩོད་རྙོག་དང་ཕྱི་རྐྱེན་བཟློག་དཀའ་མང་པོའི་འགལ་རྐྱེན་ཉིན་རེ་ནས་ཉིན་རེར་ཇེ་ཆེར་འགྲོ་བཞིན་པས་རིང་ནས་ཐུགས་ལ་བརྣག་པའི་དོན་གནད་དེ་དག་འགྲུབ་རེ་མེད་པ་གཟིགས་ནས་ཐུགས་ཕམ་ཆེར་བསྐྱེད་ཀྱི་ངང་ཚུལ་བཞེས་ཏེ་འདའ་ཁའི་ཞལ་ཆེམས་ཆུ་སྤྲེལ་ཞལ་གདམས་ཞེས་གྲགས་པ་འཇོག་གནང་མཛད་དེ་དགུང་ལོ་ང་བརྒྱད་པ་ཆུ་བྱ་ཕྱི་ལོ་ ༡༩༣༣  ཟླ་ ༡༠  ཚེས་ ༣༠  ལ་ནོར་གླིང་ཕོ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏེ། རེ་ཞིག་བོད་འབངས་རྣམས་ཉམ་ངའི་ཁུང་བུར་ཚུད།
སྔོན་རབས་ཀྱི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན་དེ་ནི་མི་ཕལ་པ་ཞིག་གི་མི་ཚེ་མཇུག་བསྒྲིལ་བ་ལྟ་བུ་མིན་པར་བོད་གངས་ཅན་པའི་བསྟན་པ་ཆབ་སྲིད་ཀྱི་མགོན་དཔུང་དམ་པར་བྱོན་པའི་སྐྱེས་ཆེན་ཞིག་གི་སྐུ་ཚེ་གཅིག་གི་མཛད་པ་མཐའ་མ་རང་དབང་གིས་བསྟན་པ་ཞིག་མཐོང་ཐུབ། དེ་ཡང་༸གོང་ས་བཅུ་བཞི་པ་ཆེན་པོས་ང་སྐྱེས་པའི་དུས་ཚོད་དེ་ང་འཇོན་དྲགས་པ་དང༌། ངས་འཇོན་ཡོད་བསམ་གྱིན་མེད་ལ། ཁ་ཐབས་སྐྱོ་ཐག་ཆོད་རེད། ཡིན་ནའང་མེད་པ་ལ་ལྟོས་ཏེ་མེད་དྲགས་འདྲ་པོའི་མི་གོ་བཅད་དེ་སྡོད་པའི་དུས་ཚོད་དེ་སྔ་མ་དྲགས། འཕྱི་མ་དྲགས་ཏག་ཏག་ཅིག་ཐོག་སྐྱེས་ཡོད་པ་རེད། འདི་སྐུ་མདུན་གོང་མས་དང་པོ་འཆར་གཞི་ཞིག་བཏིང་། འཆར་གཞི་ཏག་ཏག་མ་ཕྱིན་པའི་སྐབས་ལ་ཡང་བསྐྱར་འཆར་གཞི་གསར་པ་ཞིག་འདིང་དགོས་པ་ཆགས་དུས། སྐུ་གོང་མས་ཡང་སྲིད་རྗེས་མའི་དུས་ཚོད་ལ་གཞི་ནས་དགོངས་པ་བཞེས་རྒྱུའི་བཟོ་འདྲ་ཞིག་མ་གཏོགས་མེད་པ་ཆགས་ཀྱིན་མི་འདུག་གམ། ཞེས་བཀའ་ཕེབས་པ་སོགས་གང་ལ་བསམས་ཀྱང་མགོན་པོ་མཆོག་གིས་གསང་གསུམ་མཛད་འཕྲིན་ཇི་ལྟར་བསྐྱངས་པའི་ཚུལ་ཁ་བརྒྱ་ལྕེ་སྟོང་དུ་སྤྲུལ་ནས་བརྗོད་ཀྱང་བརྗོད་ཀྱིས་མི་ལང་བ་སྟེ། ཆོས་སྲིད་ཀྱི་མཛད་འཕྲིན་མཐའ་ཡས་པ་ཞིག་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྤྱི་འཇོག་གནང་མཁན་བསྙོན་མེད་ཅིག་དང༌། ནང་བསྟན་གྱི་ཡང་དག་རང་བཞིན་ལ་ཐུགས་གཙིགས་ཟླ་མེད་མཛད་མཁན་ཕུལ་བྱུང་ཞིག་ཀྱང་ཡིན་ནོ།།
པུར་རྒྱལ་ས་ལ་དབང་བའི་ཚངས་པའི་སྲིད།།
རྒྱལ་ཐབས་ཕན་བདེའི་དཔལ་དུ་འགོད་མཁས་པའི།།
སྤྲུལ་པའི་གར་བསྒྱུར་ཐུབ་བསྟན་རྒྱ་མཚོ་ཞེས།།
སྙན་པའི་གྲགས་པས་ས་ཡི་དབང་པོར་བསྔགས།།
བཀའ་རྩོམ་ལ་མཚོན་ན། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་དཀྱིལ་ཆ་ལག་ཀུན་ཚང་ལེགས་བཤད་རིན་ཆེན་གསལ་སྒྲོན་ཞེས་པ་དང༌། ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་ལ་ཞི་བའི་སྲེག་སྦྱིན་གྱི་མཆོད་པ་འབུལ་ཚུལ། རབ་དཀར་ཟླ་བ་གསར་པའི་ཐིགས་ཞུན། མཁན་ཆེན་ཡོངས་འཛིན་ཚུལ་ཁྲིམས་བྱམས་པ་རྒྱ་མཚོའི་རྣམ་ཐར་མེ་ཏོག་གི་མགུལ་རྒྱན། རྗེ་བཙུན་སྒྲོལ་མ་ལ་བརྟེན་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་སོགས་གསུང་འབུམ་པོད་བདུན་ལྗགས་རྩོམ་མཛད།