༄༅།། རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ནས་རྒྱལ་བ་ཙོང་ཁ་པའི་བར་གསང་འདུས་རྩ་བཤད་ཀྱི་བརྒྱུད་རིམ་བྱུང་ཚུལ།
དེ་ཡང་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གསང་འདུས་བླ་བརྒྱུད་གསོལ་འདེབས་དངོས་གྲུབ་གཏེར་ཆེན་ལས། རྨད་བྱུང་མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས།། ཁ་སྦྱོར་བདེ་སྟོང་རོ་ལ་རྟག་རོལ་ཅིང་།། དམིགས་མེད་ཐུགས་རྗེས་ཞི་བའི་མཐའ་སྤངས་པ།། རྒྱལ་བ་ཡན་ལག་བདུན་ལྡན་ལ་ཕྱག་འཚལ།། ཞེས་འབྱུང་བ་ལྟར། མཁས་པ་ངག་དབང་གྲགས་པས་མཛད་པའི་ཡན་ལག་བདུན་གྱི་རྩ་བ་ལས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད།། སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད།། ཡན་ལག་བདུན་བཤད་དོན་དང་ལྡན་པ་བསྒྲུབ་བྱ་འདིར།། བདག་འདོད་ཚད་མས་ཡོངས་བསྒོམས་བློ་ཅན་གྱིས་ཀྱང་བསྔགས།། ཞེས་པ་ལྟར། ཐེག་པ་ཆེན་པོའི་ཆོས་མ་ལུས་པ་ལས་ལོངས་སྤྱོད་པར་རྫོགས་པས་ན་ལོངས་སྤྱོད་རྫོགས་པ་མཚན་དཔེས་སྤྲས་པའི་སྐུ་སྟེ་ཡན་ལག་དང་པོ་ལོངས་སྤྱོད་རྫོགས་པ་དང་། དེ་ལྟ་བུའི་ལོངས་སྐུ་ཙམ་ཞིག་ནི་ཕར་ཕྱིན་ཐེག་པ་ལས་ཀྱང་གསུངས་པས་དེ་ལས་ཁྱད་པར་དུ་བྱ་བ་དང་། ཟག་མེད་ཀྱི་བདེ་བས་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་དགའ་བའི་ངོ་བོ་ཙམ་གྱིས་སེམས་ཅན་གྱི་དོན་ཐམས་ཅད་འགྲུབ་པ་དང་། འདོད་ཁམས་ཀྱི་སེམས་ཅན་འདོད་ཡོན་ལ་ལྷག་པར་ཆགས་པས་སྤྱོད་པ་རྣམས་རྗེས་སུ་གཟུང་བའི་ཕྱིར་དུ་ལོངས་སྐུ་དེ་ཉིད་དང་མཚུངས་པའི་ལྷ་མོ་དང་སྙོམས་པར་འཇུག་པ་སྟེ་ཡན་ལག་གཉིས་པ་ཁ་སྦྱོར་བ་དང་། སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་པ་དང་བུད་མེད་ཁ་སྦྱོར་བ་ལས་བདེ་བ་ཆེན་པོར་མི་འགྱུར་ལ། འདིར་ཤིན་ཏུ་རྒྱ་ཆེ་བ་དང་། ཟག་པ་མེད་པ་དང་། གྱ་ནོམ་པ་བཅས་ཀྱིས་ཕྱག་རྒྱ་དངོས་དང་སྦྱོར་བས་བདེ་ཆེན་ཞེས་སྨོས་ཤིང་། དེ་ནི་དུས་འཁོར་བ་ཇི་སྲིད་བར་གནས་པ་སྟེ་ཡན་ལག་གསུམ་པ་བདེ་ཆེན་དང་། དེ་ལྟ་བུའི་སངས་རྒྱས་ཀྱང་རང་བཞིན་མེད་པའི་ཁྱད་པར་དུ་བྱས་ནས་བསྒྲུབ་པར་བྱ་བ་ཡིན་གྱི། དེ་ལས་ལྡོག་སྟེ་བདེན་པར་བཟུང་ནས་བསྒྲུབ་པར་བྱ་བ་མ་ཡིན་པ་སྟེ་ཡན་ལག་བཞི་པ་རང་བཞིན་མེད་པ་དང་། ཇི་ལྟར་ལུས་ཀྱི་རྣམ་པ་མེད་ན་སེམས་ཅན་གྱི་དོན་སྒྲུབ་པར་མེད་པ་བཞིན་དུ། སྙིང་རྗེ་ཆེན་པོ་མེད་པར་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་མི་འགྲུབ་པས་སྙིང་རྗེས་དེ་གང་ཞེས་སྨོས་ཏེ་དམིགས་པ་མེད་པའི་སྙིང་རྗེས་ཡོངས་སུ་གང་བ་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་ལྟར་མི་རྟོག་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་སྟེ་ཡན་ལག་ལྔ་པ་སྙིང་རྗེས་ཡོངས་སུ་གང་བ་དང་། ཇི་སྐད་བཤད་པའི་ཡོན་ཏན་རྣམས་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་དེ་སྲིད་པ་དང་ཞི་བའི་མཐའ་ལ་མི་གནས་པ་ཡིན་པས་རྒྱུད་མི་འཆད་པ་ཡིན་གྱི། སྤྲུལ་སྐུ་ལྟར་གདུལ་བྱའི་དབང་ལས་སྐབས་འགར་འཇུག་པ་དང་། ལྡོག་པའི་མཚན་ཉིད་ཅན་མ་ཡིན་པ་སྟེ་ཡན་ལག་དྲུག་པ་རྒྱུན་མི་འཆད་པ་དང་། དེ་འདྲ་བའི་ལོངས་སྐུ་དེ་དུས་ཅུང་ཞིག་བཞུགས་ནས་རྣམ་པར་འཆད་པར་མིན་གྱི། འཁོར་བ་ཇི་སྲིད་བར་བཞུགས་ཏེ་སྙིང་རྗེས་གཞན་དབང་དུ་གྱུར་པའི་ཕྱིར་དང་། སེམས་ཅན་རྒྱུན་འཆད་པར་མེད་པའི་ཕྱིར་ན་འཕྲིན་ལས་འགོག་ཏུ་མེད་པས་འགོག་པ་མེད་པ་སྟེ་ཡན་ལག་བདུན་གསུངས་སོ།། དེ་ལྟར་བས་ན་ཡན་ལག་དང་པོ་གསུམ་ནི་ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་དང་ཡང་ཐུན་མོང་མ་ཡིན་པ་དང་། ཕྱི་མ་བཞི་ནི་མན་ངག་སྙེ་མ་ལས་ཐུན་མོང་བར་གསུངས་པ་སྔགས་རིམ་ཆེན་མོ་ལས་གསུངས་སོ།།