༄༅།། ལུང་རིགས་རལ་པའི་ཁུར་གྱིས་ལེགས་པར་བརྗིད།།

རླབས་ཆེན་ཤེས་རབ་ཟབ་མོའི་ལུས་སྟོབས་རྒྱས།།

སྨྲ་བའི་སེང་གེ་ཐུབ་བསྟན་གངས་རིའི་དཔལ།།

དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།

ཞེས་འབྱུང་བ་ལས་རང་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་རྡོ་རྗེ་འཆང་རྒྱུད་ཆེན་ཤེས་རབ་སེང་གེ་དཔལ་བཟང་པོ་ནི་གཙང་གི་གཡས་རུ་དང་རུ་ལག་གཉིས་ཡོད་པ་ལས། རུ་ལག་གི་སའི་ཆར་སྲད་ཀྱི་གུར་མ་ཞེས་བྱ་བ་ཡུལ་འབྲོག་འདྲེས་མ་ཞིག་ཡོད་པ་དེར། ཡབ་དམ་པ་དམར་པོ་ཞེས་བྱ་བ་དང་། ཡུམ་ཆོས་སྐུ་བཀྲ་ཤིས་ཞེས་བྱ་བ་ཡབ་ཡུམ་རིགས་རུས་ཆོས་སྤྱོད་དང་ལྡན་པའི་རྒྱུད་ལས་རབ་བྱུང་དྲུག་པའི་ཆུ་ཕོ་ཁྱི། ཕྱི་ལོ་ཆིག་སྟོང་སུམ་བརྒྱ་བརྒྱད་ཅུ་གྱ་གཉིས་ལོར་མངལ་སྐྱོན་གྱི་དྲི་མས་མ་གོས་པར་མཐོང་གྲོལ་གྱི་མཚན་དཔེའི་མེ་ཏོག་ཆུན་པོ་མངོན་པར་བཞད། རྗེ་བདག་ཉིད་ཆེན་པོ་འཁྲུངས་ལོ་ནས་རྩིས་པའི་ལོ་ཉེར་དྲུག་དང་། རྒྱལ་ཚབ་རིན་པོ་ཆེ་འཁྲུངས་ལོ་ནས་རྩིས་པའི་ལོ་བཅུ་དགུ་སོང༌། མཁས་གྲུབ་རིན་པོ་ཆེ་འཁྲུངས་ལོ་ལས་ལོ་གསུམ་གྱིས་སྔ་བ་ཡིན། དེ་ནས་རིམ་པས་སྐུ་ནར་སོན་པའི་ཚེ་ཡང༌། སྐུ་ཕྲེང་དུ་མར་ཐེག་པ་ཆེན་པོའི་ལམ་ལ་གོམས་ཆ་ཆེ་བའི་བག་ཆགས་བཟང་པོ་ལྷན་སྐྱེས་སུ་ཡོད་པའི་མཐུ་ལས་ཁྱིམ་གྱི་འདུ་འཛི་དང་རྣམ་གཡེང་སོགས་ནམ་ཡང་མི་མཛད་ཅིང་གཅིག་ཏུ་དམ་པའི་ཆོས་འཚོལ་བ་ལ་གཞན་དྲིང་མི་འཇོག་པར་ངང་གིས་གཞོལ་བ་ཞིག་བྱུང༌། དེ་ལྟ་བུའི་རིགས་མཐུ་སད་པའི་གཞོན་ནུ་འདི་དགུང་གྲངས་བཅུ་གསུམ་ལ་ཕེབས་པའི་ཚེ།

འཁོར་བའི་བྱ་བ་ལ་སྙིང་པོ་མེད་པར་གཟིགས་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ནས་སྔོན་བྱོན་མཁས་གྲུབ་རྣམས་དང་ཚུལ་མཐུན་པ་ཞིག་བྱའོ་སྙམ་དུ་དགོངས་པ་དང༌། མནལ་ལམ་དུ་ཡང་རྗེ་བཙུན་སྒྲོལ་མས་མྱུར་དུ་རབ་ཏུ་བྱུང་ན་ལེགས་ཚུལ་གྱི་ལུང་བསྟན་པ་བཅས་ལ་བརྟེན། དགུང་གྲངས་བཅུ་བཞི་བཞེས་པ་རབ་བྱུང་བདུན་པའི་ཤིང་མོ་ཕག །ཕྱི་ལོ་ཆིག་སྟོང་སུམ་བརྒྱ་དགུ་བཅུ་གོ་ལྔ་ལོར་སྣར་ཐང་ཆོས་སྡེའི་མཁན་ཆེན་གྲུབ་པ་ཤེས་རབ་ནས་རབ་བྱུང་མཁན་པོ་དང༌། གཞན་ཡང་ལས་སློབ་དུས་བསྒོ་བ་དགེ་འདུན་དང་བཅས་པ་ལས་ཡོངས་སུ་རྫོགས་པའི་དགེ་བསྙེན་དང༌། བར་མ་རབ་བྱུང་གི་ཚུལ་དང་ཚིགས་སྔ་མའི་དགེ་ཚུལ་གྱི་སྡོམ་པ་རྣམས་འགལ་རྐྱེན་ངེས་པ་ལྔ་བྲལ། མཐུན་རྐྱེན་ཕུན་ཚོགས་གསུམ་ལྡན་གྱི་སྒོ་ནས་རྣམ་པར་དག་པ་མནོས་ཏེ་མཚན་ཡང་ཤེས་རབ་སེང་གེ་ཞེས་བཏགས་པར་མཛད། དེ་ལྟར་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཐོག་མར་ཡོན་ཏན་ཀུན་གྱི་གཞི་རྩ་ཡི་གེ་འབྲི་ཀློག་དང༌། བློ་འཛིན་སོགས་ཀྱི་གྲྭར་བཞུགས་ནས་དེ་ཕྱོགས་ཀྱི་སློབ་ཁྲིད་མཁས་པ་དག་བསྟེན་ནས་ཡུན་རིང་སྦྱངས་པས་ཐུགས་རབ་ཆེ་བས་དེ་རྣམས་ཀྱང་དཀའ་ཚེགས་མེད་པར་མཁྱེན། སྐབས་དེར་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་ཐུགས་ལ་འཛིན་པའི་ཚེ། ནུབ་ཕྱོགས་ནས་དགེ་སློང་ཆས་གོས་ངུར་སྨྲིག་གསོལ་བ་དབུར་གཙུག་ཏོར་དང་ལྡན་པ་ཞིག་བྱོན་ནས་བྱིན་གྱིས་བརླབས་པའི་མཚན་མ་གསལ་པོ་བྱུང༌། དེ་ནས་རིང་པོ་མི་ཐོགས་པར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་མཇལ་བའི་སྔ་ལྟས་སུ་ཉིད་ཀྱིས་གསུངས། རྗེ་ཉིད་སྣར་ཐང་དུ་བཞུགས་སྐབས་གཡག་ཕྲུག་སངས་རྒྱས་དཔལ་དེ་ཉིད་སྣར་ཐང་མཁན་ཆེན་གྲུབ་པ་ཤེས་རབ་མཇལ་བར་ཕེབས་པ་ལ་མཁན་ཆེན་པས་རྗེ་ཤེས་རབ་སེང་གེས་གཙོས་བློ་གསལ་འགའ་ཤས་སྦྱོར་གཏད་གནང་སྟེ། ཁྱེད་ཀྱིས་དོན་གཉེར་ཅན་འདི་རྣམས་རེ་ཞིག་ཆོས་དང་ཟང་ཟིང་གཉིས་ཀས་ལེགས་པར་སྐྱོངས་ཤིག་ཅེས་བཀའ་སྩལ་བ་བཞིན་ཞལ་གྱིས་བཞེས། དེ་ནས་བྱམས་ཆོས་སྡེ་ལྔ་སོགས་སྦྱངས་པས་མཁས་པར་གྱུར་ཅིང༌། སྣར་ཐང་མཁན་ཆེན་དང༌། ཤངས་པ་ཀུན་མཁྱེན་ཕྱི་མ་ལ་ཡང་ཟབ་ཆོས་མང་དུ་གསན། དབུས་སུ་ཕེབས་ནས་རོང་སྟོན་ལ་ཕར་ཚད་གསན་ཞིང་ཁོང་གི་གྲུབ་མཐའ་འཛིན། ཕྱིས་སུ་རྗེ་རིན་པོ་ཆེ། འདུལ་འཛིན་རྒྱལ་ཚབ་གསུམ་ལ་དབུ་ཕར་ཚད་མ་སོགས་གསན་པས་གྲུབ་མཐའ་སྔ་མ་དོར་ནས་ཕྱི་མ་འཛིན། དགུང་གྲངས་ཉི་ཤུ་པ་ལ་ཕེབས་པའི་ཚེ་བསྙེན་རྫོགས་ཀྱི་མཁན་པོ་མཁན་ཆེན་གྲུབ་པ་ཤེས་རབ་དང༌། གཞན་ཡང་ལས་ཀྱི་སློབ་དཔོན་དང་། གསང་སྟོན་པ། གྲིབ་ཚོད་རིག་པ། ཁ་སྐོང་འོས་པའི་དགེ་འདུན་གྲངས་ཚང་གི་དབུས་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས་ཏེ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་ཡོན་གནས་དམ་པར་གྱུར་པ་ཡིན་ནོ།། རྗེས་སོར་མཁས་གྲུབ་རིན་པོ་ཆེ་ལ་དཔལ་དུས་ཀྱི་འཁོར་ལོ་དང་འཇིགས་བྱེད་ཆོས་སྐོར་སོགས་ཀྱི་དབང་གསན། ཁྱད་པར་རྗེ་རིན་པོ་ཆེ་ལ་དཔལ་གསང་བ་འདུས་པའི་རྩ་རྒྱུད་བཤད་རྒྱུད་དྲུག་དང་སྦྱར་བ་འགྲེལ་པ་སྒྲོན་གསལ་ལ་རྗེ་རང་གིས་མཛད་པའི་དཀྱུས་མཆན་དང་ཟུར་མཆན། བསྡུས་དོན། མཐའ་དཔྱོད་དང༌། གཞན་ཡང་གསང་འདུས་ཀྱི་མན་ངག་འཕགས་པ་ཡབ་སྲས་ཀྱིས་མཛད་པའི་རིམ་ལྔ་སྤྱོད་བསྡུས་སོགས་དང༌། རྗེ་རང་གིས་མཛད་པའི་རིམ་ལྔ་གསལ་སྒྲོན། བདེ་མཆོག་གི་རྒྱུད་འགྲེལ་སོགས་དང༌། གཞན་ཡང༌། དུས་འཁོར་དང༌། ཀྱེ་རྡོར། གཤིན་རྗེ་གཤེད་སྐོར་སོགས་ཀྱི་ཚོགས་ཆོས་དང༌ལྐོག་ཆོས་ཅི་རིགས་པ་སོགས། མདོར་ན་དབུ་ཕར་འདུལ་མཛོད་སོགས་གསུང་རབ་མཐའ་ཡས་པ་མང་པོ་ཞིག་ལ་གསན་སྦྱངས་མཛད། ལྷག་པར་གསང་བདེ་འཇིགས་གསུམ་གྱིས་མཚོན་རྒྱུད་དང༌། རྒྱུད་འགྲེལ་གྱི་གདམས་པ་ཁྱད་པར་ཅན་འདི་དག་མི་དང་མིའི་བར་ཁྱི་ཞུགས་པ་ལྟ་བུ་མ་ཡིན་པར་དམ་ཚིག་གིས་བསྲེ་བསླད་དང་བྲལ་བའི་རྒྱུན་གཙང་དུས་ད་ལྟའི་བར་དུ་བཞུགས་པ་འདི་ཡིན་ནོ།། རྗེ་འདི་ཉིད་མདོ་སྡེ་དང༌། རྒྱུད་སྡེ་ཚིག་སྤྱི་ཙམ་མ་ཡིན་པར་མ་ཟད་གོ་བ་ཆགས་པ་ཙམ་ལའང་མ་བཞག་པར་ཉམས་ལེན་དང་སྦྲགས་པའི་རྒྱུད་དོན་ལ་ནང་བྱན་ཆུབ་པའི་སེམས་དཔའ་ཆེན་པོ་ཡིན་པ་དང༌། རྗེ་འདི་ཡི་གསུང་ལ་བསྟོད་པ་མཛད་པ་མང་ཞེས་མཁས་གྲུབ་ཆེན་པོ་འཇམ་དབྱངས་བཞད་པས་གསུངས། གཞན་ཡང་སྐབས་འདི་དག་དང་དུས་སྔ་ཕྱི་གཞན་གྱི་ཚེ་ནའང་རྗེ་བདག་ཉིད་ཆེན་པོ་དང༌། རྒྱལ་ཚབ་དར་མ་རིན་ཆེན། འདུལ་འཛིན་གྲགས་པ་རྒྱལ་མཚན། མཁས་གྲུབ་དགེ་ལེགས་དཔལ་བཟང༌། ཞ་ལུ་བ་ལེགས་པ་རྒྱལ་མཚན་ལ་སོགས་པའི་དྲུང་ནས་ཀྱང་ཕར་ཚད་འདུལ་མངོན་རྩ་འགྲེལ། དབུ་མ་རྩ་འཇུག་ལ་སོགས་པའི་མདོ་དང་རྒྱུད་སྡེ་མཐའ་ཡས་པ་ཞིག་ལ་གསན་སྦྱངས་མཛད་པ་ཡིན། ཁྱད་པར་དུ་ཡང་རབ་བྱུང་བདུན་པའི་ས་མོ་ཕག །ཕྱི་ལོ་ ༡༤༡༩ ལོར་རྒྱུད་དོན་མཐའ་དག་དང༌། ཁྱད་པར་དུ་གསང་བ་འདུས་པའི་བཀའ་བབས་སུ་གཟིགས་ནས། རྗེ་བདག་ཉིད་ཆེན་པོས་བྱམས་ཆེན་ཆོས་རྗེ་ལ་རྒྱུད་གྲྭ་འཛུགས་པའི་ཞལ་བཀོད་གནང་ནས་སེ་ར་ཆོས་སྡིངས་སུ་རྗེས་འབྲང་གི་མཁས་པ་ཆེན་པོ་ཤིན་ཏུ་མང་པོ་ལ་བདེ་གསང་གི་རྩ་བའི་རྒྱུད་གཉིས་ཀྱི་དབུ་ནས་ཆོས་ཐུན་རེ་གནང་ནས་འཁོར་སློབ་མཁས་མང་རྒྱ་མཚོ་ལྟ་བུའི་དབུས་སུ་དམ་ཆོས་འགྲེལ་པ་བཞི་སྦྲགས་ཕྱག་ཏུ་བཏེགས་ནས། ཁྱོད་མཁས་པ་རྣམས་ཀྱི་ནང་ནས་འདིའི་བདག་པོ་ཐུབ་པ་སུ་ཡོད་ཅེས་ལན་གསུམ་གྱི་བར་འབོད་པ་གནང་བས་སུ་ཡང་ལྡང་མ་ནུས་པ་ལ། རྗེ་འདིས་དེ་ལྟ་བུ་བདག་གིས་བགྱིའོ་ཞེས་ཞུས་ཏེ་ཕྱག་གསུམ་མཛད་ནས་ལེན་པར་མཛད། དེ་ནི་འདས་པའི་དུས་སུ་དེ་བཞིན་གཤེགས་པ་དབང་པོའི་ཏོག་གིས་འཁོར་ཚོགས་བྱང་ཆུབ་སེམས་དཔའ་རྣམས་ལ་སྙིགས་མའི་དུས་སུ་ལུས་སྲོག་ལ་མི་བལྟ་བར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཟབ་མོ་སྟོན་པར་ནུས་པ་ཡོད་དམ་ཞེས་བཀའ་སྩལ་བ་ན། བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱིས་ཞུ་བའི་སྐབས་མ་རྙེད་པ་ལ། རྗེ་བདག་ཉིད་ཆེན་པོ་དང་ཐུགས་རྒྱུད་གཅིག་པའི་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོ་ཞེས་བྱ་བས་ཁོ་བོས་བགྱིའོ་ཞེས་ཞུས་པ་དང་ཚུལ་མཚུངས་ཤིང་རྒྱུ་མཐུན་པའི་འབྲས་བུའང་ཡིན་པ་པཎ་ཆེན་བསོད་ནམས་གྲགས་པས་གསུངས། དེའི་ཚེ་ན་རྗེ་བདག་ཉིད་ཆེན་པོས་གསང་བ་འདུས་པའི་གསེར་སྐུ་ཁྱད་པར་དུ་འཕགས་པ་ཞིག་དང༌། ནང་མཆོད་ཀ་པཱ་ལ་བདུད་རྩིས་བཀང་བ། འགྲེལ་པ་བཞི་སྦྲགས། རྒྱུད་ཀྱི་རྣམ་བཤད་གཉིས། བསྐྱེད་རྫོགས་ཀྱི་ཡིག་ཆ། ཆོས་རྒྱལ་གྱི་ཞལ་འབག་གཏེར་མ། འཆམས་གོས། དབྱུག་ཏོ་ཞགས་པ་བཅས་གནང་ནས་རྗེ་འདི་ཉིད་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་བར་མཛད། དེ་ཡང་རྗེ་རིན་པོ་ཆེ་ལ་བླ་མ་འདིས་བདག་གིས་རྒྱུད་སྤེལ་ནུས་སམ་ཞེས་ཞུས་པར་རྗེའི་ཞལ་ནས་ཁྱོད་སྐྲག་མི་དགོས་ངས་ཆོས་རྒྱལ་ལ་གཏོད་པ་ཡིན། རྗེས་སུ་གཙང་ལ་བྱོན་དང་དེ་ནས་དཔག་ཚད་ཀྱི་སར་རི་དྲིལ་བུ་ཁ་སྦུག་པ་འདྲ་བའི་སྟེང་ན་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཡོད། དེས་ཁྱོད་ཀྱི་བསྟན་པ་སྤེལ་བར་བྱེད། ཡང་དེ་ནས་རྒྱང་གྲགས་ཀྱི་ས་ན་སྲིན་མོ་གན་རྒྱལ་དུ་བསྒྱེལ་བ་འདྲ་བའི་སྟེང་ན་གནོད་སྦྱིན་མོ་ཞིག་གིས་སྦྱིན་བདག་གི་གཙོ་བོ་བྱེད། སློབ་མའི་གཙོ་བོ་སྐྱེ་བ་མང་པོར་གཤིན་རྗེ་གཤེད་ཀྱི་རྗེས་སུ་བཟུང་བའི་རྣལ་འབྱོར་པ་ཆེན་པོ་གཅིག་གིས་ཐོག་དྲངས་སྐལ་ལྡན་མང་པོ་འབྱུང་ཞེས་ལུང་བསྟན། སྐབས་འདི་དག་ཏུ་རྗེ་དགེ་འདུན་གྲུབ་པ་ཡང་འདི་མཉམ་དུ་ཡོད་པས་རྗེ་དགེ་འདུན་གྲུབ་ལ་རྒྱལ་བ་ཙོང་ཁ་པས་ཆོས་ཀྱི་མཐུན་རྐྱེན་གསེར་ཞོ་གང་གནང་བ་དང༌། རྗེ་འདི་པས། དགེ་བཤེས་འདི་བདག་གི་སློབ་མ་དྭངས་མ་ཡིན་པས་འདུལ་མཛོད་ཕུལ་དུ་ཕྱིན་པ་ཞིག་སློབ་པར་ཞུ་ཟེར་བའི་ཞུ་ཡིག་དང་བཅས་ཏེ་འཕན་པོ་གྲོ་སར་དམར་སྟོན་ཡབ་སྲས་ཀྱི་དྲུང་དུ་འདུལ་མཛོད་གསན་པར་བྱོན། སྐབས་དེར་མི་དབང་གྲགས་པ་རྒྱལ་མཚན་པས་ཞུ་ཡིག་འབུལ་བ་ལ་བརྟེན། རྗེ་རིན་པོ་ཆེའི་གསུང་འབུམ་བཞེངས་པའི་མཐུན་རྐྱེན་གང་དགོས་སྦྱར་ནས་བཞེངས་གྲུབ་པ་དང་མཉམ་དུ་བསྣམས་ཏེ། ཁྲ་འབྲུག་ཏུ་གནས་གཟིགས་མཛད། དེ་ནས་སྐྱིད་ཤོད་དུ་ཕེབས་པའི་ལམ་བར་དུ། རྗེ་རིན་པོ་ཆེའི་གསུང་རབ་ཀྱི་གླེགས་བམ་འགའ་ཞིག་ལུས་སོང་བར་དམ་ཅན་ཆོས་རྒྱལ་ལ་དེ་རྣམས་མྱུར་དུ་ལོངས་ཤིག་ཅེས་བསྐུལ་བས་དེ་འཕྲལ་དུ་ལེན་པར་ཕེབས་ཏེ་ཕྱག་ཏུ་འབྱོར་ཞིང༌། ཆོས་སྐྱོང་འདིས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་འཕྲིན་ལས་གང་བཅོལ་བ་རྣམས་ཀྱང་ཚུལ་བཞིན་དུ་སྒྲུབ་ཅིང་གསང་བའི་ལུང་བསྟན་ཡང་མང་དུ་མཛད་པའི་རྣམ་ཐར་མངའ། དེ་ནས་གསང་ཕུ་དང༌། འཕན་པོ་ན་ལནྡྲའི་འཆད་ཉན་ཡང་མཛད་པས་བསྟན་དང་འགྲོ་བའི་དོན་ལ་ཕན་པའི་བྱ་བ་ཆེན་པོ་གྲུབ་ཅིང་དགེ་འདུན་གྲུབ་དང་མཉམ་དུ་གཙང་དུ་ཕྱག་བཏེགས། དེ་ནས་མེ་ཕོ་རྟ་ལ་བྱང་ཆེན་སྣར་ཐང་རྟ་ནག་སོགས་སུ་ལོ་ལྔ་དྲུག་གི་བར་མདོ་ཕྱོགས་ཀྱི་འཆད་ཉན་མཛད་པས་ཞལ་སློབ་མང་དུ་འདུས་པ་ལ་གྲྭ་ཚང་ཆེན་མོ་ཟེར་བ་རྗེས་སུ་བཀྲ་ཤིས་ལྷུན་པོར་གཞིས་ཆགས་པ་ཡིན། ལྕགས་ཕག་ལོར་རྗེ་དགེ་འདུན་གྲུབ་པ་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་ལ་སྟོད་ཕྱོགས་སུ་ཕེབས་པར། རྗེ་འདིས་ཀྱང་གཅན་ལུང་ཆུ་འདུས་བར་བྱོན་ནས་ཕྱིར་ལོག་སྟེ་རྟ་ནག་རི་ཁུལ་དུ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང་ལ་ཆོས་གསན་པ་དང་། གསང་བ་འདུས་པའི་འཆད་ཉན་འཕེལ་བར་མཛད་དེ་ལྷུན་པོ་རྩེའི་ཆོས་སྡེར་བྱོན། སི་ཏུ་བསོད་ནམས་དཔལ་དང༌། བདག་མོ་ཤཱཀྱ་དཔལ་གྱིས་སྦྱིན་བདག་མཛད་དེ་རྒྱུད་ཀྱི་འཆད་ཉན་བཙུགས་པར་ཆོས་སྡེ་དེའི་བླ་མ་འཕགས་འོད་ཡོན་ཏན་རྒྱ་མཚོ་འཁོར་དང་བཅས་ནས་ཆོས་ཞུའི་རྟེན་འབྲེལ་གྱི་ཆེ་བར་དགོངས་པས་རྗེ་རིན་པོ་ཆེས་གཏེར་ནས་བཞེས་པའི་ཆོས་རྒྱལ་གྱི་ཞལ་འབག་དབྱུག་ཞགས་དང་བཅས་པ་རྟེན་དུ་གནང་ཞིང་རྒྱུད་ཀྱི་འཆད་ཉན་འཕེལ་བའི་ཐུགས་སྨོན་རྒྱ་ཆེར་མཛད། དེ་ནས་ཤེར་སེང་དཔོན་སློབ་སེང་གེ་རྩེར་བཏེགས། སེང་གེ་རྩེའི་དཔོན་མོས་སྦྱིན་བདག་བྱས་ཏེ་ཆོས་སྡེ་དེར་ཡང་སྔར་བཞིན་སྒྲུབ་དཀྱིལ་ཕྱག་ལེན་དང༌། རྒྱུད་ཀྱི་འཆད་ཉན་རྗེའི་བཀའ་སྲོལ་ཇི་ལྟ་བ་བཞིན་བཙུགས། རྗེ་ཤེས་རབ་སེང་གེ་ཡབ་སྲས་རྣམས་ཀྱིས་ཇ་གྲལ་གནང་བའི་སྐབས་གཡས་གྲལ་གྱི་མགོར་རྗེ་དགེ་འདུན་གྲུབ་པ་དང༌། དེ་ནས་འདུལ་དཀར་བ་བློ་གྲོས་སྦས་པ་སོགས་དང༌། གཡོན་གྲལ་གྱི་མགོར་འདུལ་འཛིན་དཔལ་ལྡན་བཟང་པོ་སོགས་བཞུགས་ཡོད་པར། རྗེ་ཤེས་རབ་སེང་གེས་འདུལ་ནག་པ་ལ། ཁྱོད་ཀྱི་དགུང་སྙིང་གང་ཡིན་ཞེས་དྲིས་པས་བར་གནང་བས། རྟ་ཡིན་ཞུས་པར་དེ་བཟང་འདུག །འཇིག་རྟེན་པའི་གཏམ་དཔེར་གཡག་ཤི་སར་རྟ་འཁྲབ་ཟེར་བས་ཁྱོད་སོང་ལ་གཡག་ཤི་ལུང་པར་རྒྱུད་ཀྱི་འཆད་ཉན་གྱིས་ཤིག་ཅེས་གསུངས་ནས། རྗེའི་པཎ་ཞྭ་གོས་བེར་བཅས་གནང་བར་འདི་ང་ལ་མི་འོས་དགེ་འདུན་གྲུབ་པ་ལ་འོས་ཞུས་ནས་མ་བཞེས། ང་ལ་རྗེ་རིན་པོ་ཆེའི་འགྲེལ་པ་བཞི་སྦྲགས་དང༌། ཤོག་ལྷུང་རྣམས་དགོས་ཞེས་ཞུས་ནས་དེ་དག་བླངས་ཤིང་སྲད་དགའ་ལྡན་ཕོ་བྲང་དུ་རྒྱུད་གྲྭ་ཚུགས་པ་ལ་གཙང་སྟོད་རྒྱུད་པ་ཞེས་བྱ་བ་དེ་བྱུང་བ་ཡིན། རྗེ་ཉིད་གཙང་གི་རྒྱུད་པ་བཙུགས་རྗེས་དབུས་སུ་ཕེབས་ནས་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རབ་བྱུང་བདུན་པའི་ཆུ་མོ་གླང༌། ཕྱི་ལོ་ཆིག་སྟོང་བཞི་བརྒྱ་སུམ་ཅུ་སོ་གསུམ་ལོར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ཞེས་གསང་སྔགས་འདུས་པའི་ཚོགས་ཆེན་འདི་ཉིད་ཚུགས་པར་རྒྱུད་ཀྱི་འཆད་ཉན་བཙུགས། དེ་ནས་ཞ་ལུར་ཕེབས་ཏེ་མཁན་ཆེན་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་རྡོར་དབྱིངས་ལ་སོགས་པའི་རྒྱུད་སྡེ་འོག་མ་གསུམ་གྱི་དབང་བཤད་རྒྱུད་ལུང་མན་ངག་དང་བཅས་པ་གསན། དེ་ནས་སླར་ཡང་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕྱག་ཕེབས། རྒྱལ་ཚབ་ཆོས་རྗེའི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་གསན་པར་ཐུགས་འདུན་ཆེ་ཡང༌། དགེ་སྦྱོང་དཀར་པོ་ཞེས་པས་རྟ་ནག་ཏུ་གདན་དྲངས་ཏེ་རེ་ཁུད་ཆོས་སྡེ་ཕུལ་བས་དེར་ལོ་ཤས་རིང་འཆད་ཉན་མཛད་དེ་བཞུགས། སྐབས་དེ་དག་ཏུ་རི་བོ་དགེ་འཕེལ་དུ་ཀུན་མཁྱེན་ཤེས་རབ་དཔལ་བཟང་གི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཇི་སྙེད་ཅིག་གསན་པར་མཛད་དེ་དེ་དག་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་པས་ཤིན་ཏུ་མཁས་པར་གྱུར། སྐབས་དེར་རྗེ་དགེ་འདུན་གྲུབ་པ་དཔོན་སློབ་འཁོར་བཅས་ལ་སྟོད་ཕྱོགས་སུ་ཕེབས་ཏེ་ཡབ་སྲས་ཕན་ཚུན་མཇལ་བས་ཕན་ཚུན་ཐུགས་ཤིན་ཏུ་མཉེས་ཤིང་དགྱེས་པར་གྱུར། དེ་ནས་རྗེ་འདི་ཉིད་དབུས་སུ་ཕེབས་ཏེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མཁས་གྲུབ་རིན་པོ་ཆེར་དཔལ་དུས་ཀྱི་འཁོར་ལོའི་དབང་དང་རྒྱུད་འགྲེལ་གྱི་བཤད་པ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་སོགས་བཀའ་ཆོས་མང་པོ་གསན། རྒྱུད་ཁང་ཉིད་དུ་ཐུགས་ཕབ་ནས་ཐུགས་དམ་ལ་འགྲུས་པར་གནང་བའི་ཚེ་ན་བར་ཆད་ཀྱི་མཚན་མ་ཅུང་ཟད་བྱུང་བར་འཕྲལ་དུ་ཐུགས་དམ་ཟབ་མོས་བཟློག་པར་མཛད་དེ་གནས་དེར་དཔལ་གསང་བ་འདུས་པའི་རིམ་གཉིས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བརྩོན་བཞིན་པའི་ངང་ནས་ཐུན་མཚམས་རྣམས་སུ་དོན་གཉེར་ཅན་རྣམས་ལ་རང་རང་གི་མོས་པ་དང་མཐུན་པའི་འདོད་ཆོས་ཅི་རིགས་པ་བསྩལ། དེའི་ཚེ་ན་རྗེ་འདི་ཉིད་ཀྱི་ཐུགས་རྒྱུད་ལ་མངོན་པར་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཁྲུངས་སོ།། དེ་ལྟར་རྗེ་ཤེས་རབ་སེང་གེའི་དཔོན་སློབ་ཚང་མས་འཇམ་མགོན་རྒྱལ་བའི་ལུགས་བཟང་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པར་མཛད་ཅིང༌། དགའ་ལྡན་དགུན་ཆོས་སོགས་ཆོས་ཐོག་ཆེ་ཆུང་རྣམས་ལ་ཡང་རྒྱུད་འགྲེལ་འཆད་ཉན་དང་། རིམ་ལྔའི་དམར་ཁྲིད། དུས་འཁོར་གྱི་སྦྱོར་དྲུག །ནཱ་རོའི་ཆོས་དྲུག །ལཱུ་དྲིལ་གཉིས་ཀྱི་ཁྲིད། འཇིགས་བྱེད་ཀྱི་ཁྲིད། ལམ་རིམ་གྱི་ཁྲིད། ལྟ་ཁྲིད་བཅས་ཁྲིད་ཆེན་བརྒྱད་རྣམས་འཆད་པར་མཛད་པ་ཡིན་ལ། ཡོན་ཏན་ཐམས་ཅད་ཀྱི་གཞི་རྩ་འདུལ་ཁྲིམས་ལ་གཅེས་པར་བཟུང་སྟེ་དགེ་འདུན་གྱི་བཅའ་ཁྲིམས་རྣམ་པར་དག་པའི་ཕྱག་ལེན་རྡོ་ལ་རི་མོ་བྲིས་པ་ལྟ་བུ་མཛད་ནས་གྲྭ་ཚང་གི་ནང་རྟེན་དུ་རྗེ་རིན་པོ་ཆེས་གནང་བའི་གསང་བ་འདུས་པའི་གསེར་སྐུ་དང༌། ནང་མཆོད་ཀ་པཱ་ལ། མགོན་ཆོས་ཀྱི་ཞལ་ཐང་རྣམས་གནང་བར་མཛད། དེ་ལྟར་རྗེ་རིན་པོ་ཆེའི་དྲུང་དུ་དམ་བཅས་པ་མཐར་ཕྱིན་པར་མཛད་དེ། སྐུ་མྱ་ངན་ལས་འདའ་ཁར། དཔེ་ཆ་འདི་རྣམས་དགེ་འདུན་གྲུབ་པའི་སར་སྐྱོལ། རྒྱུད་ཀྱི་འཆད་ཉན་འདི་སྦྱིན་པ་དཔལ་བས་གྱིས། དེའི་གྲོགས་དགོས་པ་གྲགས་པ་བཟང་པོ་ལ་ཆོལ་ཞེས་གསུངས་ནས་མྱ་ངན་ལས་འདའ་བར་ཐུགས་གཏད་དེ་ཕྱི་ལོ་ཆིག་སྟོང་བཞི་བརྒྱ་བཞི་བཅུ་ཞེ་ལྔ། རབ་བྱུང་བདུན་པའི་ཤིང་མོ་གླང་གི་ལོ་ཟླ་བ་ལྔ་པའི་ཚེས་ཉེར་བརྒྱད་ལ་དགའ་ལྡན་རྒྱུད་ཁང་དུ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་མཛད་ནས་ཡུན་རིང་དུ་མཉམ་པར་བཞག །དེ་ལས་ལོངས་སྐུར་བཞེངས་པའི་ཚེ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་དང༌། རོལ་མོའི་སྒྲ་དང༌། གདུགས་དང་རྒྱལ་མཚན་ལ་སོགས་པའི་མཆོད་རྫས་སྣ་ཚོགས་པས་མཆོད་ཅིང༌། ནམ་མཁའ་གཡའ་དག་པ་ལ་འཇའ་འོད་ཀྱིས་ཁྱབ་ཅིང༌། དཔའ་བོ་དང་རྣལ་འབྱོར་མ་དང༌། ཞིང་སྐྱེས་དང༌། སྔགས་སྐྱེས། ལྷན་སྐྱེས་ཀྱི་ཕོ་ཉ་ནམ་མཁའ་གང་བའི་ཚོགས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་རོལ་མོའི་སྒྲ་སྐད་སྣ་ཚོགས་པས་མཆོད་ཅིང་མདུན་བསུས་ཏེ་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་དྲུང་དུ་གཤེགས་སོ།། སྐུ་གདུང་ཞུགས་ལ་ཞེན་པས་རིང་བསྲེལ་ཤ་རི་རམ་ཁམ་གཅིག་ཙམ་ཞིག་བྱོན་པར་བཀྲ་ཤིས་ལྷུན་པོའི་ཐུབ་ཆེན་གྱི་ནང་དུ་བཞུགས་པ་གསུངས། རྗེ་འདི་ཉིད་ལ་བུ་སློབ་མང་བ་ནི་ནམ་མཁའི་སྐར་ཚོགས་ལྟར་ཡོན་ནའང༌། དེའི་ནང་ནས་ཤིན་ཏུ་གྲགས་ཆེ་བ་ནི། རྗེ་དགེ་འདུན་གྲུབ་པ་དང༌། འཕགས་འོད་ཡོན་ཏན་རྒྱ་མཚོ། རྒྱུད་ཆེན་སྦྱིན་པ་དཔལ་བ། འདུལ་དཀར་བ་བློ་གྲོས་སྦས་བ། འདུལ་ནག་པ་དཔལ་ལྡན་བཟང་པོ། རྒྱུད་ཆེན་རྡོ་རྗེ་འཆང་ཀུན་དགའ་དོན་གྲུབ། རྒྱུད་པ་གྲགས་བཟང་བ། དྭགས་པོ་བཀྲ་ཤིས་རྣམ་རྒྱལ། ཆོས་རྗེ་གྲགས་བསམ་པ། ཆོས་རྗེ་ཟླ་རྒྱལ་བ། མཁས་པ་རིན་ཤཱཀ་པ། དྲུང་སངས་རྒྱས་བསམ་གྲུབ་བཅས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མ་བྱོན་ཞིང༌། རྗེ་འདི་ཉིད་ཀྱི་རྒྱུད་འཛིན་སློབ་དཔོན་སྦྱིན་པ་དཔལ་བ་དང༌། དཀའ་བཅུ་པ་གྲགས་པ་བཟང་པོ་དཔོན་སློབ་གཉིས་ཀྱིས་ལོ་ཉི་ཤུ་རྩ་གཉིས་ཙམ་དུ་རྒྱུད་ཀྱི་བཤད་གྲྭ་ལེགས་པར་བསྐྱངས་པས་འཕྲིན་ལས་ཤིན་ཏུ་ཆེ། ལྷག་པར་དུ་ཡང་དེ་དག་གི་ནང་ནས་རྒྱུད་ཆེན་རྡོ་རྗེ་འཆང་ཀུན་དགའ་དོན་གྲུབ་ལ། སྔར་རྡོ་རྗེ་འཛིན་པ་ཤེས་རབ་སེང་གེས་འདི་དོན་བཞིན་ཐུགས་ཉམས་སུ་བཞེས་པའི་སྒོ་ནས་བསྟན་པའི་སྙིང་པོ་དཔལ་གསང་བ་འདུས་པའི་བསྟན་པ་སྤེལ་བའི་རྒྱུད་གྲྭ་སྐྱོངས་ཤིག་ཅེས་ལུང་བསྟན་དབུགས་དབྱུང་དང་བཅས་ཏེ། དགེ་འདུན་གྱི་ཁྲིམས་སུ་བཅའ་བའི་བཅའ་ཡིག་ཀྱང་གནང་བ་སོགས་ལས། སྣང་བ་མཐའ་ཡས་ངུར་སྨྲིག་འཛིན་པ་བཤེས་གཉེན་གྱི་རྣམ་པར་རོལ་བ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་ལས། ས་ཡི་སྟེང་ན་འགྲན་པའི་ཟླ་བྲལ་བ།། འདུལ་བ་འཛིན་པའི་རིགས་སྔགས་འཆང་བའི་སྡེ།། འདི་ཉིད་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ།། དར་ཞིང་རྒྱས་པའི་བཀྲ་ཤིས་དམ་པར་སྩོལ།། ཅེས་བསྔགས་པ་ལྟར་མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེ་དང༌། རྒྱུད་ཆེན་སྦྱིན་པ་དཔལ་བ་གཉིས་ཀྱི་རྣམ་ཐར་བཟང་པོ་མ་ཉམས་པ་བཟུང་ནས། དམ་པའི་ཆོས་འདུལ་བའི་དགོངས་དོན་བཞིན། འདུལ་ཁྲིམས་གཙང་ཞིང་དབུས་སྟོད་ཕྱོགས་སུ་རྒྱུད་ཀྱི་འཆད་ཉན་ལོ་བཅུ་གསུམ་བར་དུ་བསྐྱངས་པས་མཁའ་ལ་ཉི་ཟླ་བཞིན་དུ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ཞེས་བྱ་བ་འདི་བྱུང་བ་ཡིན། དེ་ལྟར་རྒྱུད་ཆེན་རྡོ་རྗེ་འཛིན་པ་ཤེས་རབ་སེང་གེ་ཡབ་སྲས་འཁོར་དང་བཅས་པས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཐུགས་བསྐྱེད་དང༌། སྨོན་ལམ་བཟང་པོའི་མཐུ་ལ་བརྟེན་ནས། སྔགས་ཀྱི་བཤད་གྲྭ་ཆེན་པོ་གཙང་རྒྱུད་དང་དབུས་སུ་རྒྱུད་སྟོད་སྨད་གཉིས་ཚུགས་ཏེ། སྐལ་ལྡན་གྱི་གདུལ་བྱ་བློ་གཟུ་བོར་གནས་ཤིང༌། བློ་གྲོས་ཀྱི་མིག་ཡངས་པ་རྣམས་ཚེ་འདིའི་ཆེ་ཐབས་དོར་ནས་ཐོག་མར་བཤད་གྲྭ་རྣམས་སུ་གཞུང་ཆེན་མོ་རྣམས་ལ་ཞིབ་པར་སྦྱངས། དེ་ནས་སྔགས་གྲྭ་འདི་དག་ཏུ་བཞུགས་ཏེ་རྡོ་རྗེ་ཐེག་པ་ལ་སྦྱངས་པས་མདོ་སྔགས་ཀྱི་བསྟན་པའི་གནས་ཐམས་ཅད་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་དུ་གྱུར་ཅིང༌། ལ་ལས་ནི་དགའ་ལྡན་གྱི་གསེར་ཁྲི་དང༌། ཤར་རྩེ་སོགས་དགོན་སྡེ་སོ་སོའི་སློབ་དཔོན་མཛད། ལ་ལས་ནི་དབེན་པའི་རི་སུལ་དུ་ཚེ་དང་སྒྲུབ་པ་མཉམ་པར་མཛད་པས། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་དཀའ་བ་བརྒྱ་ཕྲག་དུ་མས་བསྒྲུབས་པའི་ལུང་རྟོགས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་པ་སོགས་ཀྱིས་མཐའ་བཞིའི་རྒྱལ་པོ་རྒྱལ་ཕྲན་དང་བཅས་པས་གསང་ཆེན་རིག་འཛིན་གྱི་སྡེ་ཆེན་པོ་དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་སོགས་ཞྭ་སེར་བསྟན་པ་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་སྟེ་གཙུག་ཏུ་མཆོད་པའི་རྗེས་སུ་འབྲངས་ཏེ། མཐའ་དབུས་ཀྱི་འབྱོར་ལྡན་ཀུན་གྱིས་གུས་འདུད་ལྷུར་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྲིད་ཞིའི་དགེ་ལེགས་ཡར་ངོའི་ཟླ་བ་བཞིན་རྒྱས་པར་གྱུར་པ་འདི་ཡིན། དེ་ལྟར་རྗེ་བཙུན་དམ་པ་ཤེས་རབ་སེང་གེས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཧོར་སོགས་ཡུལ་གྲུ་ཀུན་ཏུ་ཉིན་མོ་ལྟར་གསལ་བར་མཛད་པས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མས་བསྔགས་བརྗོད་ཀྱི་མེ་ཏོག་མངོན་དུ་འཐོར་བ་དང༌། ལྷག་པར་དུ་དཔལ་ཡིད་བཟང་རྩེ་བས་རྗེའི་སློབ་མའི་ཚོགས་ནས་སྣར་ཐང་པ་ཤེས་རབ་སེང་གེ་ལས་འཕྲིན་ལས་ཆེ་བ་མ་བྱུང་ཞེས་བསྔགས་པ་ཡང་དོན་ལ་གནས་པ་སེམས་སོ།།