༄༅།། ཆུམས་མདའ་རྒྱུད་ཁང་ནི། སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་རྒྱུད་ཆེན་ཀུན་དགའ་དོན་གྲུབ་མཆོག་གིས་ཕྱག་བཏབ་པར་གྲགས། འདི་ནི་རྒྱུད་ཆེན་མཆོག་གིས་ཐོག་མར་དབུས་སྟོད་བྱམས་པ་གླིང་དུ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ཕྱག་བཏབ་ཟིན་པའི་རྗེས་སུ་རྒྱུད་ཀྱི་ཆོས་འཆད་ཉན་དང་ཆོས་ཐོག་འགྲིམ་སའི་ཆེད་དུ་རྒྱུད་ཁང་འདི་གསར་བཞེངས་མཛད་པ་ཡིན་ཤས་ཆེ། གནས་འདིར་བོད་ཟླ་༣ ཚེས་༡༥ ནས་ཚེས་༢༡ བར་སྟག་རྩེ་ཆོས་ཐོག་ཡིན། འདིའི་རིང་ཞལ་འདོན་གསང་འདུས་བདག་མདུན་གཉིས་ཉིན་རེར་ཚར་གསུམ་རེ་དང་། དྲུག་ཅུ་མའི་གཏོར་རྒྱག་བཅས་ཡོད།

བོད་ཟླ་༣ ཚེས་༢༢ ནས་བོད་ཟླ་༤ ཚེས་༢༧ བར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ཆུམས་མདའ་དཔྱིད་ཆོས་ཆེན་མོ། འཚོག་ཡུལ་ཆུམས་མདའ་སྟག་རྩེ་དང་མཚུངས། འདིའི་རིང་བླ་མ་རྒྱུད་མཆོད་དང་འབྲེལ་ཆོས་འཆད་ཉན་ལ། པཎ་ཆེན་བསོད་ནམས་གྲགས་པའི་གསང་འདུས་བསྐྱེད་རྫོགས་དང་། རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱི་གསུང་རྒྱུད་ཊཱིཀ་རིམ་གཉིས་གཏེར་མཛོད། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་གསང་འདུས་རྒྱུད་འགྲེལ་ཆེན་མོ་(འགྲེལ་པ་བཞི་སྦྲགས་)བཅས་གནང་བ་དང་། ཆུམས་མདའ་བསྐང་གསོ་ཆེན་མོའི་སྐབས་རྔམས་པ་སྒྲ་སྒྲོག་བཀའ་རྒྱ་མ་དབྱངས་འཐེན་རྒྱུ་དང་། གསང་འདུས་རས་བྲིས་བདག་འཇུག །གསོ་སྦྱོང་ཆེན་མོ། མགོན་ཆོས་བཞིའི་བསྐང་གསོ། ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག །མགོན་པོའི་སྦྱིན་སྲེག་སོགས་ཡོད།

༄༅།། འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནི། བོད་རྒྱལ་ལོ་༡༥༣༦ རབ་བྱུང་བདུན་པའི་ས་གླང་ཕྱི་ལོ་༡༤༠༩ ལོར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་མཆོག་ནས་གནས་དང་དགོན་པའི་མཚན་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་དང་། ལྷ་དང་བླ་མས་ཇི་ལྟར་ལུང་བསྟན་པ་བཞིན་ཕྱག་བཏབ། འདི་ནི་རྗེ་བླ་མ་ཡབ་སྲས་རྣམས་ཀྱིས་ཐུབ་བསྟན་རིན་པོ་ཆེ་དྲི་མ་མེད་པའི་ལུང་རིགས་དཔྱད་གསུམ་དག་པས་ལེགས་པར་གཏན་ལ་ཕབ་པ་དེ་ཉིད། བཤད་སྒྲུབ་འཆད་ཉན་གྱིས་འཛིན་སྐྱོང་སྤེལ་བར་མཛད་པའི་རི་བོ་དགེ་ལྡན་པ་ཡོངས་ཀྱི་མ་དགོན་རྩ་ཆེན་ཞིག་ཡིན། གནས་འདིར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཆོས་ཐོག་ཁག་གི་ཐོག་མར།  སྤོང་བ་བསམ་གཏན་གྱི་འཁོར་ལོ་དགའ་ལྡན་དགུན་ཆོས་ཆེན་མོ་ཞེས་པ། བོད་ཟླ་༡༡ ཚེས་༢༤ ནས་༣༠ བར་དུ་དགའ་ལྡན་དགུན་ཆོས་ཀྱི་དབྱངས་སྦྱང་དང་། ཡངས་པ་ཅན་གྱི་བསྐང་གསོ། གཏོར་རྒྱག །ལྷག་པར་ཆོས་འཆད་ཉན་ལ། གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་རྒྱུད་རྒྱལ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གསལ་སྒྲོན་དང་། རིམ་ལྔ་གདན་རྫོགས། མཁས་གྲུབ་རིན་པོ་ཆེའི་གསུང་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་བཅས་དང་། རྒྱུད་གཞུང་འཚོག་རྒྱུ་སོགས་ཡོད།