༄༅།།༄༅།། དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་ལ་བརྟེན་ནས་འཆད་པའི་ཚུལ་ལ་ཡང་། ཡི་གེ་བྲི་བསྣན་གྱི་སྒོ་ནས་བཤད་ཚུལ། གཞུང་གོང་འོག་དཀྲུག་སྟེ་བཤད་ཚུལ། གཞུང་གོང་འོག་མི་དཀྲུག་པར་བཤད་ཚུལ། རྒྱུད་རྐྱང་གི་བཤད་ཚུལ། རྒྱན་བདུན་གྱི་སྒོ་ནས་ཚོགས་པ་ལ་བཤད་ཚུལ་དང་། སློབ་མ་ལ་བཤད་ཚུལ་སོགས་བཤད་སྲོལ་ཤིན་ཏུ་མང་བར་གྲགས་ཤིང་། ཁྱད་པར་དུ་རྗེ་བཙུན་ལྷོ་བྲག་མར་པ་ལོ་ཙཱ་པ་ཆོས་ཀྱི་བློ་གྲོས་ལ། གྲུབ་ཆེན་ནཱ་རོ་པ་སོགས་ལས་བརྒྱུད་པའི་འདུས་པའི་མན་ངག་གི་བཤད་སྲོལ་མི་འདྲ་བ་བདུན་མངའ་བ་དང་། རྗེ་རིན་པོ་ཆེ་འགོས་ལོ་ཙཱ་ཁུག་པ་ལྷས་བཙས་ལ། བླ་མ་མངོན་ཤེས་ཅན་དང་། བཙུན་མོ་ཅན་དང་། རྒྱལ་བུ་སྤྲིན་གྱི་ཤུགས་ཅན་དང་། ཙནྡྲ་ཧ་རི། ཛྙཱ་ན་ཀ་ར། བལ་པོ་མཐིལ་གྱི་ཧ་དུ། ན་ག་ཀོ་ཊི། ནག་པོ་དམ་ཚིག་རྡོ་རྗེ། ཇོ་བོ་རྗེ་དཔལ་ཨ་ཏི་ཤ་སོགས་ལ་བརྟེན་ནས་བརྒྱུད་པའི་འདུས་པའི་གཞུང་བཤད་ཀྱི་བཤད་སྲོལ་མི་འདྲ་བ་བཅུ་མངའ་བར་གསུངས་སོ།།
དེ་ལྟར་རྒྱ་གར་གྱི་པཎ་གྲུབ་རྣམས་དང་། བོད་གངས་ཅན་གྱི་མཁས་གྲུབ་ཆེན་པོ་རྣམས་ཀྱི་བཤད་སྲོལ་གྱི་རྒྱུན་རྣམས། ཆུ་ལམ་བརྒྱུད་དང་། རྡོ་ལག་བརྒྱུད་ཀྱི་ཚུལ་གྱིས། མཁས་གྲུབ་ཆེན་པོ་ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་དང་། གོང་གསུམ་པ་བདེ་ཆེན་ཆོས་ཀྱི་དཔལ་བ་དང་། མཉམ་མེད་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་དང་གསུམ་ག་ལ་མངའ་བ་རྣམས། ཡབ་རྗེ་རྒྱལ་བ་གཉིས་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཡོངས་སུ་རྫོགས་པར་གསན་པར་མཛད་དོ།། དེར་མ་ཟད་བླ་མ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཀྱང་། རྗེ་བདག་ཉིད་ཆེན་པོ་ལ་འདུས་པའི་སྨིན་གྲོལ་གྱི་ལམ་གྱི་མན་ངག་གི་གནད་འགག་མཐའ་དག་མ་ལུས་པར་དངོས་སུ་འདོམས་པར་མཛད་པ་ལ་བརྟེན་ནས་ཐུགས་ཉམས་སུ་གཞེས་ཏེ། རྒྱུད་དོན་སྨྲ་བ་ལ་མི་འཇིགས་པའི་གདེངས་ཁྱད་པར་ཅན་ཐོབ་པའི་ཚུལ་བསྟན་པ་ན། འདུས་པའི་རྩ་རྒྱུད་ཆེན་པོའི་དགོངས་དོན་མཐའ་དག །འགྲེལ་བྱེད་ཀྱི་གཞུང་བཞི་སྦྲགས་པའི་སྒོ་ནས་འཆད་པར་བྱེད་པའི་ཚུལ་འདི་ཉིད་གསལ་བར་མཛད་པ་ནི། སྔ་ན་མེད་པའི་ངོ་མཚར་བའི་ལེགས་བཤད་རྨད་དུ་བྱུང་བའི་ཁྱད་ཆོས་བླ་ན་མེད་པ་ཡིན་ནོ།། དེ་ལ་གང་བཤད་པར་བྱ་བའི་གཞིའམ་རྩ་བ་ལྟ་བུ་ནི་དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པོ་འདི་ཡིན་ལ། གང་གིས་འཆད་པར་བྱེད་པའི་འགྲེལ་པ་ལ། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་སྒྲོན་གསལ་དང་། རྗེ་བདག་ཉིད་ཆེན་པོས་མཛད་པའི་མཆན་གྱི་ཡང་འགྲེལ། མཐའ་གཅོད་རིན་པོ་ཆེའི་མྱུ་གུ། ས་བཅད་བསྡུས་དོན་དང་བཞི་ཡོད་དོ།། དེ་རྣམས་ཀྱིས་ཇི་ལྟར་འཆད་ན། སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པས། ལེའུ་བཅུ་བདུན་པོ་རྣམས་ཀྱིས་བསྙེན་སྒྲུབ་ཡན་ལག་བཞི་སྟོན་པའི་ཚིག་དོན་མ་ལུས་པ་མཐའ་དྲུག་གིས་རྒྱས་པར་བཤད་པ་ཡིན་ནོ།། སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ་ལ། དཀྱུས་མཆན་དང་། ཟུར་མཆན་གཉིས་ཡོད་པས། དང་པོ་དཀྱུས་མཆན་ནི། སྒྲོན་གསལ་གྱི་གཞུང་དཀྱུས་མའི་ཚིག་དོན་རྣམ་པར་འགྲེལ་པའི་མཆན་བུ་ཡིན་པས་ན་དཀྱུས་མཆན་ཏེ་དེས་རྩ་རྒྱུད་དང་སྒྲོན་གསལ་གཉིས་ཀའི་མན་ངག་གི་གནད་ཐམས་ཅད་གསལ་བར་འགྲེལ་པ་དང་། གཉིས་པ་ཟུར་མཆན་ལ། འགྱུར་མཆན་དང་། ཟུར་མཆན་དངོས་གཉིས་ཡོད་པས། ལོ་ཙཱ་པས་འགྱུར་མ་འདྲ་བ་རེ་ཡོད་པ་རྣམས་མཆན་གྱིས་གསལ་བར་བྱེད་པས་ན་འགྱུར་མཆན་ཏེ། དེས་འགྱུར་གྱིས་སྒྲ་དོན་མ་ཐོན་པ་དང་། སྒྲ་དོན་ཕན་ཚུན་མ་མཐུན་པ་དང་། སྒྲ་དོན་མི་གསལ་བ་དང་། སྒྲ་དོན་གོ་དཀའ་བ་ལ་སོགས་པ་རྣམས་འགྱུར་གཞན་དག་གིས་ཐོན་པར་བྱས་ཏེ། ཚིག་དོན་དང་མཐུན་པར་ཤིན་ཏུ་གསལ་ཞིང་གོ་བདེ་བར་བཀྲལ་བ་དང་། གཉིས་པ་ཟུར་མཆན་དངོས་ནི། དོན་ཟུར་བ་རྣམས་སྐབས་སུ་གང་བབ་ཀྱིས་འཆད་པར་བྱེད་པའི་མཆན་ཡིན་པས་ན་ཟུར་མཆན་ཏེ། དེས་གཞུང་གི་དོན་ཟུར་བ་རྣམས་ཀྱང་རྒྱུད་དང་འགྲེལ་པའི་དོན་ལ་ཕྱོགས་མཐུན་གྱི་ཚུལ་དུ་ཟུར་དུ་འགྲེལ་པར་མཛད་པ་སྟེ། དེ་ལྟར་དཀྱུས་མཆན་འགྱུར་མཆན་ཟུར་མཆན་གསུམ་གྱི་སྒོ་ནས་ངེས་ཤེས་བསྐྱེད་པར་བྱས་ཏེ་རྩ་རྒྱུད་ཀྱི་ཚིག་དོན་སྒྲོན་གསལ་གྱིས་ཇི་ལྟར་བཀྲལ་བ་རྣམས་སླར་ཡང་མཆན་གྱིས་རྣམ་པར་འགྲེལ་པའོ།། དཀའ་བའི་གནད་ཀྱི་མཐའ་གཅོད་རིན་པོ་ཆེའི་མྱུ་གུས་རྩ་རྒྱུད་དང་སྒྲོན་གསལ་གཉིས་ཀྱི་ཚིག་དོན་གྱི་དཀའ་བའི་གནས་རྣམས། རྒྱུད་དང་གྲུབ་ཆེན་གྱི་མན་ངག་ལ་བརྟེན་ནས་ཚིག་དང་དོན་གྱི་གནད་འགག་མ་ལུས་པའི་མཐའ་ཡོངས་སུ་གཅོད་པར་བྱེད་པའི་སྒོ་ནས་འགྲེལ་པར་མཛད་པའོ།། འདུས་པའི་རྩ་རྒྱུད་སྒྲོན་མ་རབ་ཏུ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པས་འཆད་པའི་ས་བཅད་བསྡུས་དོན་གྱིས། རྩ་རྒྱུད་དང་འགྲེལ་པ་སྒྲོན་གསལ་གྱི་ཁུངས་ནས་དོན་ཚན་གྱི་ས་བཅད་ལོགས་སུ་བཏོན་ཏེ་ཚིག་དོན་ཐམས་ཅད་བསྡུས་འགྲེལ་གྱི་སྒོ་ནས་གོ་བདེ་ཞིང་རྟོགས་པར་སླ་བའི་ཚུལ་གྱིས་འགྲེལ་པའོ།། དེ་ལྟར་ན་ཚུལ་ཇི་ལྟར་འཆད་པར་བྱེད་པའི་ཚིག་དོན་རྣམ་པར་བཀྲ་བའི་ས་བཅད་བསྡུས་དོན་གྱིས་དོན་ཚན་སོ་སོར་ཕྱེ་བར་བྱས་ཏེ། བཤད་བྱ་རྩ་བའི་རྒྱུད་ཀྱི་ཚིག་དང་དོན་གང་ཡིན་ངོས་ཟིན་པ་དེ་ཉིད། གང་གིས་འཆད་པར་བྱེད་པའི་འགྲེལ་པ་སྒྲོན་གསལ་གྱིས་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་གཏན་ལ་ཕབ་པ་རྣམས་མཆན་གྱི་ཡང་འགྲེལ་གྱིས་སླར་ཡང་མན་ངག་གི་བཤད་པ་ལ་བརྟེན་ནས་སྨིན་གྲོལ་གྱི་ལམ་རིམ་པ་གཉིས་ལ་ངེས་པ་བསྐྱེད་ཅིང་། ད་དུང་རྟོགས་པར་དཀའ་བའི་གནད་ཕྲ་མོ་རྣམས། མཐའ་གཅོད་ཀྱིས་བཤད་དོན་ལ་ངེས་པ་ཆེན་པོ་སྟེར་བའི་ཚུལ་གྱིས་གཏན་ལ་ཕབ་སྟེ། དཔལ་གསང་བ་འདུས་པའི་ལམ་གྱི་སྙིང་པོ་ཐམས་ཅད་འཆད་ཉན་གྱི་སྒོ་ནས་ཆེས་ཤིན་ཏུ་གསལ་བར་བྱེད་པས་ན་འགྲེལ་པ་བཞི་སྦྲགས་ཞེས་བརྗོད་པ་ཡིན།