ཕྱི་ལོ་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཙུན་མོ་མོང་བཟའ་ཁྲི་ལྕམ་ཡུམ་སྲས་ཀྱི་རྟེན་སྐལ་དུ་བཞེངས་པར་གྲགས་ཤིང་། གུ་རུ་རིན་པོ་ཆེ་དང་གྲུབ་ཆེན་བརྒྱད་ཅུའི་སྒྲུབ་ཕུག །རང་བྱུང་གི་ལྷ་སྐུ་དང་གཟུངས་སྔགས་ངོ་མཚར་ཅན་མང་ཞིང་། ཕྱིས་སུ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཕེབས་ཏེ་བཀའ་གདམས་ཕ་ཆོས་བུ་ཆོས་སོགས་ཟབ་ཆོས་མང་དུ་གནང་བས་བཀའ་གདམས་པའི་གདན་ས་དང་། དེ་ནས་རིམ་གྱིས་བཀའ་གདམས་གསར་མའི་གདན་སར་གྱུར། དུས་རབས་བཅོ་བརྒྱད་པའི་ནང་དགའ་ལྡན་ཁྲི་ཐོག་ང་གཅིག་པ་རྟ་དབེན་དཔལ་ལྡན་གྲགས་པས་ཡེར་པའི་རྒྱུད་ཁང་གསར་བཞེངས་མཛད། གནས་འདིར་བོད་ཟླ་༧ ཚེས་༡༥ ནས་བོད་ཟླ་༩ ཚེས་༡ བར་བྱ་བ་ལས་ཀྱི་འཁོར་ལོ་བྲག་ཡེར་པའི་དབྱར་ཕྱི་མའི་ཆོས་ཐོག་ཡིན། འདིའི་རིང་དབྱར་ཕྱི་མའི་ཞལ་བཞེས་དང་འབྲེལ། ཆོས་འཆད་ཉན་སྐྱོར་ལུང་ཆོས་ཐོག་སྐབས་ལྟར་བདེ་མཆོག་རྒྱུད་འགྲེལ་ཆེན་མོ་གནང་བ་དང་། ཁྲིད་ཁང་དུ་རྗེ་ཙོང་ཁ་པའི་གསུང་བདེ་མཆོག་རྫོགས་རིམ་རྣལ་འབྱོར་ཆེན་མོ། ཐང་སག་པ་དངོས་གྲུབ་རྒྱ་མཚོའི་གསུང་འཇིགས་བྱེད་རྫོགས་རིམ། སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱི་གསུང་གསང་འདུས་རིམ་ལྔའི་དམར་ཁྲིད་བཅས་རྫོགས་རིམ་བཀའ་རྒྱ་མ་གསུམ་གནང་ཞིང་། གཞན་ཡང་། ཡེར་པའི་བསྐང་གསོ་ཆེན་མོ་སྔ་ཕྱི། ཡེར་པ་མདུན་བསྐྱེད། བརྐོ་ཐིག་དང་ཐིག་ཆེན། བློས་བསླངས་བཅས་ཀྱི་རྒྱུགས་སྤྲོད། དབྱངས་སྒར་ཆེན་མོ། བླ་མ་རྒྱུད་མཆོད། དམ་བཅའ་དགེ་བཤེས་ཀྱིས་ཊཱིཀྐའི་བཤད་པ་དམ་འཇོག །མགོན་པོའི་གཏོར་སྒྲུབ། དབྱར་དགག་དབྱེ་སོགས་ཡོད།