༄༅། །རྒྱུན་དུ་ནས་ང་ཚོའི་དཔེ་མཛོད་ཁང་གིས་བོད་ཕྱི་ནང་ནས་དཔར་དུ་བསྐྲུན་པའི་གལ་ཆེའི་གསུང་རབ་ཁག་མཁོ་སྒྲུབ་ཞུས་དང་ཞུ་བཞིན་པ་ལྟར། ད་ལན་ཡང་སྐྱབས་རྗེ་བཞག་པ་རིན་པོ་ཆེ་དང་། སེར་བྱེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་སོགས་བོད་བཞུགས་དྲན་དབང་མང་པོའི་ལམ་སྟོན་འོག །རྗེ་ཙོང་ཁ་པ་དགོངས་པ་གཞན་དུ་རྫོགས་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་གྱི་ཆེད་དུ་དམིགས་ཏེ། དེང་སྐབས་རྒྱལ་སྤྱིའི་དཔེ་བསྡུར་ཐབས་ལམ་དང་ཚད་གཞི་གཞིར་བཟུང་ཐོག་ནས། གྲགས་ཅན་དཔར་མ་ཁག་སྟེ། གཙང་དཔར་དང་། ཞོལ་དཔར། སྐུ་འབུམ་དཔར་མ། བླ་བྲང་དཔར་མ་བཅས་དང་དཔེ་བསྡུར་ཞུས་ཤིང་། མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༢༠༢༠ པེ་ཅིང་དུ་དཔར་ཐེངས་དང་པོ་བརྒྱབ་པར་གསལ་བའི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་དང་། གཞན་ཡང་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་༸རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ་ཆ་ཚང་དང་། བཙན་པོའི་ཡིག་རྙིང་གི་ཚིག་མཛོད། ཏུན་ཧོང་ཡིག་རྙིང་ལས་རྙེད་པའི་ནང་བསྟན་ཆོས་གཞུང་བོད་འགྱུར་མ་དང་སྟག་ལུང་ཆོས་འབྱུང་སོགས་གལ་ཆེའི་གསུང་རབ་དང་བརྩམས་ཆོས་རིགས་མི་ཉུང་བ་ཞིག་བླུ་ཡོན་ཞུས་པ་བཞིན་ཕྱི་ལོ་༢༠༢༡ ཟླ་༩ ཚེས་༢༤ ཉིན་དཔེ་མཛོད་ཁང་དུ་དངོས་སུ་གདན་ཞུ་བྱས་ཏེ་འགྲོ་བའི་མུན་སེལ་སྒྲོན་མེ་རུ་དངོས་སུ་བཞུགས་ཡོད་པས། མདོ་སྔགས་རིག་པའི་གནས་ལ་དུང་ཞེན་དང་དད་འདུན་ཟབ་པའི་དོན་གཉེར་ཅན་རྣམས་ཀྱི་ཐུགས་ཕན་གསོ་བྱེད་ཀྱི་རྒྱུར་འགྱུར་ཐུབ་པའི་རེ་བ་ཧ་ཅང་ཆེ།

༄༅།། ཁམས་གསུམ་འགྲོ་བའི་བླ་མ་ཡབ་རྗེ་རྒྱལ་བ་གཉིས་པ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཡབ་སྲས་གསུམ་གྱིས་མཉམ་མེད་ཤཱཀྱ་སེང་གེའི་རིང་ལུགས་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་དྲི་མ་བཅས་པར་ལུང་རིགས་དཔྱད་པ་གསུམ་གྱིས་དག་ཐེར་ལེགས་པར་མཛད་ཅིང་། བསྲེས་ལྷད་ཀྱི་དྲི་མས་ནམ་ཡང་མ་གོས་པའི་རྣམ་པར་ཐར་པ་གཙང་མ་སྟེ། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་གསེར་སྦྱངས་བཙོ་མ་ལྟ་བུ་གཏན་ལ་ཕབ་པའི་གསུང་འབུམ་པོད་ཆེན་བཞི་བཅུ་ཞེ་ལྔ་ཐམ་པ་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༡ ཉིན་དཔེ་མཛོད་དུ་དཔར་ཕུད་གནང་སོན་བྱུང་ཞིང་། ད་ལྟ་སྐྱེ་འགྲོའི་རྨོངས་མུན་སེལ་བར་ས་གསུམ་གྱི་སྒྲོན་མེ་ལྟ་བུར་བཞུགས་སུ་གསོལ་བའི་འཇམ་མགོན་བླ་མ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་མ་ཕྱི་ཁག་སྟེ། སྐུ་འབུམ་བྱམས་པ་གླིང་གི་དཔར་མ་དང་། ཞོལ་དཔར། གཙང་དཔར་རྣམས་ཡིག་འབྲུ་རེ་རེ་བཞིན་རྗེའི་གསུང་འབུམ་སྡུད་སྒྲིག་ཁང་གི་དབུ་ལས་ཡོངས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་བརྩོན་འགྲུས་བཅས་ལ་བརྟེན། རྗེ་བླ་མས་ལོངས་སྐུ་མངོན་དུ་མཛད་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་ཆེན་མོའི་སྐབས་བསྟུན་གྱིས་ཞིབ་བསྡུར་ཞུས་འབྲས་སུ་བསྡུར་མཆན་དང་། ལུང་ཁུངས་བཙལ་འཚོལ་བཅས་དེང་རབས་ཀྱི་འགྲོས་དང་བསྟུན་ནས་དཔར་སྐྲུན་ཚད་ལྡན་གནང་བའི་ལེགས་ཚོགས་ཀྱིས་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་འཇམ་མགོན་བླ་མའི་བསྟན་པ་ལ་རྨད་དུ་བྱུང་བའི་མཛད་རྗེས་འཇོག་གནང་མཛད་པར་བཅོས་མིན་གྱིས་ཡི་རང་དང་བསྔགས་བརྗོད་ཞུ།