- མདུན་ངོས།
- ཉེར་མཁོའི་ཆོས་སྐོར།
- མཆོད་གཏོར།
མཆོད་གཏོར།
སྤྱིར་མཆོད་གཏོར་ནི་རྣམ་གྲོལ་དོན་གཉེར་ཅན་དག་གི་ཚོགས་གསོག་སྒྲིབ་སྦྱོང་གི་ཆེད་དུ་སྐྱབས་ཡུལ་ཁྱད་པར་ཅན་དག་ལ་འབུལ་རྒྱུའི་མཆོད་རྫས་ཤིག་ཡིན། དེ་ལ་ཡང་དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་པ་གཉིས་ལས། དངོས་སུ་བཤམས་པའི་མཆོད་གཏོར་ལ་ཞི་སོགས་ལས་རབ་འབྱམས་སོ་སོའི་མཆོད་གཏོར་དང་། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་གཏོར། ཡིད་ཀྱིས་སྤྲུལ་པ་ལ་ཡང་དེ་བཞིན་ཡོད། ཕྱིའི་མཆོད་གཏོར་ལ་མཚོན་ན། ཕྱག་རྡོར་གོས་སྔོན་ཅན་གྱི་ཆོ་ག་ལས། རྩ་བ་ལྔ་དང་ཡན་ལག་ལྔ།། འབྲུ་དང་ཤིང་ཏོག་སྨན་རྣམས་དང་།། ཆག་ཐུག་ཁུར་བ་ལ་སོགས་པ། ཞེས་པ་ནས། དེ་དག་ཐམས་ཅད་ཕྱིའི་ཡིན་ནོ།། ཞེས་གསུངས་པ་ལྟར་རོ།། མདོར་བསྡུས་ན་མཆོད་གཏོར་ལ། བླ་མ་དང་ཡི་དམ། ཆོས་སྐྱོང་། བགེགས་དང་འབྱུང་པོ་སོགས་འདས་མ་འདས་ཀྱི་མགྲོན་སོ་སོར་འབུལ་རྒྱུའི་མཆོད་རྫས་ཤིག་ཡིན། དེ་ལ་ཡང་དབྱིབས་དང་ཁ་དོག་སོགས་རྣམ་གྲངས་མི་འདྲ་བ་དང་། དེ་བཞིན་དུ་ཕྱག་བཞེས་མི་འདྲ་བ་སྣ་ཚོགས་ཡོད། འདིར་ནི་གྲྭ་ཚང་གི་རྒྱུན་ལྡན་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར་གྱི་ཡི་དམ་གསང་བདེ་འཇིགས་གསུམ་སོགས་ཀྱི་མཆོད་གཏོར་རྣམས་རིམ་བཞིན་དགོད་རྒྱུ་ཡིན།
- རྒྱས་བཤད་བྱེད་པ།
- སྡེ་ཚན། མཆོད་གཏོར།
- ཀློག་གྲངས། 1367
དཔལ་གསང་བ་འདུས་པ་བདག་བསྐྱེད་རྐྱང་པ་གཏོར་མགྲོན་མདོར་བསྡུས་འདོན་པའི་སྐབས། གཙོ་བོའི་འབུལ་གཏོར་ཆེ་བ་ཕྱོགས་བཞིར་པད་འདབ་བཞི་སྦྱར་བ། འཁོར་སོ་གཅིག་འོག་ནས་ཡར་གཙོ་བོའི་སུམ་ཆ་གཅིག་གི་ཚད་དུ་སླེབས་པ། དེ་མཚུངས་ཀྱི་སྔོན་འགྲོ་དང་ཕྱི་འགྲོ་གཉིས་བཅས་ལ་པད་འདབ་བཞི་སྦྱར་བ་དང་། འདས་མ་འདས་ཀྱི་ཏམ་བུ་ལ་གཉིས། ལྕགས་རི་དང་བཅས་པ་མཛེས་པར་བཟོ། མདུན་དུ་མཆོད་ཕྲེང་ནི། བདག་བསྐྱེད་ལ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རང་གི་གཡས་ནས་བརྩམས་པ་དང་། མདུན་བསྐྱེད་ལ་ཆུ་བཞི་སྔོན་འགྲོའི་ཉེར་སྤྱོད་རང་གི་གཡོན་ནས་བརྩམས་པའོ།།