དཀྱིལ་འཁོར།

དཀྱིལ་འཁོར་གྱི་སྐད་དོད་མཎྜལ་ཞེས་པ་ནི་སྙིང་པོ་འཛིན་པའམ་སྙིང་པོ་ལེན་པ་ལ་གོ་བས།  གསང་སྔགས་ཟབ་མོར་དད་མོས་ལྡན་པའི་གང་ཟག་གང་གིས་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ཏེ་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ལས་དབང་བཞི་རྣམ་པར་དག་པ་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུངས་ཏེ། རྟེན་གཞལ་ཡས་ཁང་གི་གཙོ་བོ་ཡི་དམ་དང་དེའི་འཁོར་དང་བཅས་པ་ཚུལ་བཞིན་དུ་བསྙེན་ཅིང་བསྒྲུབས་ཏེ་སྙིང་པོ་དམ་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་ལེན་པ་གོ་བ་ཡིན། དེ་ལ་རྡུལ་ཚོན་དང་རས་བྲིས་སོགས་ཀྱི་དབྱེ་ངོ་མང་ཞིང་། དེ་ཉིད་འབྲི་བཞེངས་དང་མཐོང་ཐོས་རེག་གསུམ་བྱས་པ་ཙམ་གྱིས་སྡིག་པ་ཀུན་ལས་རྣམ་པར་གྲོལ་བའི་ཕན་ཡོན་མཐའ་ཡས་པར་གསུངས་སོ།། དེས་ན་སྐབས་འདིར་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་གཞན་ལ་དབང་བསྐུར་བ་སོགས་ཀྱི་སྐབས་སུ་ཉེ་བར་མཁོ་བའི་ཡི་དམ་གསང་བདེ་འཇིགས་གསུམ་སོགས་རྒྱུད་སྡེ་ཁག་གི་རས་བྲིས་ཀྱི་དཀྱིལ་འཁོར་དང་། དེ་བཞིན་ལས་བཞིའི་ཐབ་ཐིག །གཏོར་ཐིག །མཆོད་རྟེན་གྱི་ཐིག་སོགས་རིམ་བཞིན་འགོད་སྤེལ་ཞུ་འཆར་ལགས།

སློབ་དཔོན་ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ་དང་། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་དབང་དོན་དེ་ཉིད་རབ་གསལ་གཞིར་བཟུང་སྟེ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཕྱག་བཞེས་ལྟར་བཞེངས་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་འཕགས་ལུགས་ལྷ་སོ་གཉིས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར།