༸གོང་ས་༸སྐྱབས་མགོན་ཆེན་པོས།

༄༅།། བཅོམ་ལྡན་འདས་རང་གིས་ཀྱང་ཅི་གསུང་བཀའ་བཞིན་སྒྲུབས་མ་གསུངས་པར། རྒྱུ་མཚན་ལ་ལྟོས། བརྟག་དཔྱད་བྱོས་གསུངས་འདུག་པར་བརྟེན། ང་ཚོས་དེ་ལུགས་ཀྱིས་ནང་པ་རང་གི་འགྲོ་སྟངས་ལ་བསམ་བློ་ཡག་པོ་ཞིག་གཏོང་ན་དངོས་གནས་ཧ་ལས་པ་རེད། རྒྱུ་མཚན་ཉིད་ཀྱི་སྟེང་ནས་འགྲོ་བ་དང་། དངོས་ཡོད་གནས་ཚུལ་ལ་བརྟེན་ནས་འགྲོ་བ་མ་གཏོགས། དེ་ལྟ་བུའི་དད་པ་དང་དག་སྣང་ཟེར་བའི་སྐད་ཆ་ཡོད་པ་མ་རེད། ཚད་ཅིག་ལ་སླེབས་ན་འགྲོ་སྟངས་ཤིག་ཡོད་ཀྱང་དེ་གནས་ཚུལ་ཁག་ཁག་ཡིན་པས། ཁྱེད་ཚོ་ཆོས་སྡེ་དགོན་པ་རྣམས་དང་ཆོས་ཚོགས་ཁག་གིས་ངེས་པར་དུ་མང་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་འགྲོ་བ་དང་། ནང་ཆོས་ཀྱི་གོ་རྟོགས་ཡར་རྒྱས་འགྲོ་བའི་ཐོག་ལ་ཞབས་འདེགས་མང་ཙམ་བསྒྲུབ་ཐུབ་ན་དེ་ཧ་ཅང་གལ་ཆེན་པོ་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོས།

༄༅།། དཀའ་ངལ་འཕྲད་པའི་སྐབས་སུ་བསམ་བློ་གུ་ཡངས་པོ་བཏང་ནས། དཀའ་ངལ་དེ་གཅིག་པུར་བསམ་བློ་བཏང་ནས་མི་འདུག་པར། བསམ་བློ་ཕྱོགས་ཡོངས་ནས་བཏང་ན་སེམས་མི་སྐྱིད་པ་དེ་ཙམ་ཡོང་གི་མ་རེད། ངས་དེ་ལྟར་བྱེད་ཀྱི་ཡོད། ཁྱོད་རང་ཚོས་ཀྱང་དུས་རྒྱུན་དུ་སེམས་པ་བཟང་པོ་དང་། བསམ་བློ་གུ་ཡངས་པོ་བྱས། དཀའ་ངལ་འཕྲད་པའི་སྐབས་སུ་དཀའ་ངལ་དེ་གཅིག་པུར་བསམ་བློ་མི་གཏོང་བར། ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བསམ་བློ་བཏང་བ་ཡིན་ན། སེམས་མི་སྐྱིད་པ་མི་ཡོང་བར་ཧ་ཅང་ཕན་རྒྱུ་རེད།