འཇམ་དཔལ་རྡོ་རྗེའི་ངག་ལ་དབང་འབྱོར་ཞིང་།།
བློ་གྲོས་བུམ་བཟང་ཡེ་ཤེས་བདུད་རྩིའི་གཏམ།།
བསྟན་འཛིན་རྒྱ་ཆེར་རོལ་མཚོ་མཛེས་པའི་རྒྱན།།
འཕགས་མཆོག་ཕྱག་ན་པདྨོར་གསོལ་བ་འདེབས།།
ཞེས་ཤོ་ལོ་ཀ་གཅིག་གིས་མཆོད་ནས། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཛམ་གླིང་ཞི་བདེའི་དེད་དཔོན་༸རྒྱལ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཞབས་ཀྱི་པདྨོར་མངོན་པར་བཀོད་ནས། དེ་རིང་ཆེད་དུ་ཕེབས་པའི་མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་དང། གདན་ས་ཁག་གི་མཁན་ལས་ཟུར། རྒྱལ་སྲས་བླ་སྤྲུལ་རྣམ་པ། འདིར་ཐག་རིང་ནས་བགྲོ་གླེང་གི་ཆེད་དུ་ཕེབས་པའི་དགེ་འདུན་པ་ཁག་དང་།
དེ་མ་ཡིན་པའི་ ཆོས་རིག་གི་ཕྱག་ལས་གནང་མཁན་གཙོས་འབྲེལ་ཡོད་ཀྱི་ཕྱག་ལས་གནང་མཁན་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གཙོ་བོ་ད་གིན་གོང་ནས་ཀྱང་ཞུས་སོང་། ཡི་གེ་ནང་ལའང་འཁོད་བསྡད་ཡོད། དེ་རིང་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་རྒྱུད་འགྲེལ་ཆེན་མོའི་བཤད་པ་མཛད་ནས་ལོ་དྲུག་བརྒྱ་འཁོར་བའི་དུས་དྲན་ཞིག་ཡིན། རྒྱ་གར་མཁས་པ་ཚོའི་ངག་རྒྱུན་ལ་ཡིན་པ་ཡོད། གནམ་ལ་ཉི་ཟླ་རྣམ་གཉིས་དང་། ས་ལ་གསལ་བ་རྣམ་གཉིས་ཞེས་ནམ་མཁའ་ལ་ཉི་ཟླ་རྣམ་གཉིས་གྲགས་པ་བཞིན་ས་སྟེང་འདིའི་སྒང་ལ་གསལ་བ་གཉིས་ཞེས་སྒྲོན་གསལ་དང་དབུ་མ་ཚིག་གསལ་གཉིས་གྲགས་ཡོད། དེའི་ནང་ཚན་གྱི་གསང་བ་འདུས་པའི་རྒྱུད་འགྲེལ་ཆེན་མོ་ཟེར་བ་དེ་དཔལ་ལྡན་ཟླ་བ་གྲགས་པའི་སྒྲོན་གསལ་གྱི་འགྲེལ་བ་རེད། སྐད་གྲགས་ཆེན་པོ་བྱུང་ཡོད། ཡིན་ན་ཡང་བར་ལམ་ཞིག་ལ་ཐེག་པ་ཆེན་པོ་སྔགས་དང་བཅས་པའི་བསྟན་པར་ཉམས་ཆག་ཆེན་པོ་བྱུང་བ་དང་། ཤེར་ཕྱིན་གྱི་མདོ་དེ་དག་ཀྱང་རྒྱ་གར་གྱི་མཁས་པ་ཚོས་མཛད་བཞག་པ་ལས་སངས་རྒྱས་ཀྱི་གསུང་མ་རེད་ཟེར་མཁན་བྱུང་ནས་ཁས་ལེན་མི་བྱེད་པའི་དུས་ཚོད་བྱུང་ཡོད། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས་མཛད་མིན་ལ་དྭོགས་པ་བྱས་མྱོང་ཡོད། འོན་ཀྱང་བར་ལམ་ཞིག་ལ་བལ་ཡུལ་ནས་སྒྲོན་གསལ་གྱི་དཔེ་ཆ་རྙིང་པ་ཞིག་རྙེད་སོན་བྱུང་ཡོད་ས་རེད་སྐབས་དེར་རྒྱ་གར་གྱི་མཁས་པ་གྲགས་ཅན་ཨུ་པ་དེ་བ་ཟེར་བ་ཁོང་གིས་དཔེ་ཆ་རྙིང་པ་དཔལ་ལྡན་ཟླ་བས་མཛད་པའི་དབུ་མ་བཞི་བརྒྱ་པའི་འགྲེལ་པ་དང་བསྡུར་བའི་སྐབས་སྒྲོན་གསལ་དཔེ་རྙིང་དེ་དང་། དཔལ་ལྡན་ཟླ་བའི་གསུང་གཞན་པ་དང་གསུང་སྟངས་གཅིག་པ་རེད་འདུག་ཞེས་འགྲེལ་པ་སྒྲོན་གསལ་དེ་དཔལ་ལྡན་ཟླ་བ་གྲགས་པའི་གསུང་ཡིན་པར་ཁས་ལེན་གནང་ཡོད་འདུག །ཁོང་ལ་མཚོན་ན་ནང་ཆོས་དང་ཚན་རིག་གཉིས་ཀ་ལ་མཁས་པ་ཆེན་པོ་ཡིན། དེ་འདྲ་ཡིན་དུས་ས་ལ་གསལ་བ་གཉིས་ཞེས་པ་དེ་ཡོངས་གྲགས་ཆགས་ཡོད། ད་ལྟ་རྗེ་ཙོང་ཁ་པས་འགྲེལ་པ་བཞི་སྦྲགས་མཛད་ནས་ལོ་དྲུག་བརྒྱ་ཐམ་པ་འཁོར་གྱི་ཡོད་པ་དང་། ནམ་རྒྱུན་འགྲེལ་པ་བཞི་སྦྲགས་ལ་ངོས་འཛིན་ཚུལ་ཡོད་མོད། ཡོངས་གྲགས་ལྟར་ན་མཆན་འགྲེལ་གཉིས་དང་། ས་བཅད་བསྡུས་དོན། མཐའ་དཔྱོད་བཅས་ལ་ངོས་འཛིན་གནང་གི་ཡོད། དེ་མ་ཡིན་པའི་གསུང་ཚུལ་གཞན་ཡང་ཡོད་དེ། དཔེར་ན་མཆན་ཁོ་རང་གི་སྟེང་ནས་བཤད་རྒྱུ་ཡོད་ཅེས་བརྗོད་མཁན་ཡང་ཡོད། དེ་དག་ཞུ་མི་དགོས་པ་བྱས། རྒྱུད་འགྲེལ་ཆེན་མོའི་འགྲེལ་བ་དེ་ལ་གཙོ་ཆེ་བ་དེ་མར་འགོས་གཉིས་ཞེས་མར་པ་དང་འགོས་ཁུག་པ་ལྷས་བཙས་གཉིས་ནས་བརྒྱུད་པ་ཡིན། ཡིན་ན་ཡང་བར་ལམ་ཞིག་ལ་འགོས་ཀྱི་བཤད་སྲོལ་མ་གཏོགས། མར་པའི་བཤད་སྲོལ་ཉམས་པ་རེད་གསུང་སྲོལ་ཡོད། ལོ་རྒྱུས་ཀྱི་ནང་ལའང་ཡོང་གི་ཡོད། མར་པ་ལ་མན་ངག་ཧ་ལས་པ་ཡོད་པ་མ་ཚད། ནཱ་རོ་པ་སོགས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་མཁན་ཡང་བྱུང་མྱོང་། འོན་ཀྱང་བར་ལམ་ཞིག་ནས་སེམས་ཅན་བསོད་ནམས་ཀྱི་དབང་གིས་མར་པའི་བཤད་སྲོལ་དེ་ཉམས་སོང་བ་དང་། འགོས་ཁུག་པ་བའི་བཤད་སྲོལ་དེ་མ་ཉམས་པར་ཡོད། ད་ལྟ་རྗེ་རིན་པོ་ཆེའི་གསུང་རིམ་ལྔ་གསལ་སྒྲོན་དང་། དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔ་མན་ངག་དང་རིམ་ལྔ་གདན་རྫོགས། རིམ་ལྔ་འཁོར་ལོ་ཅན་ཟེར་བ་དེ་ཚོ་རྗེ་རིན་པོ་ཆེས་དག་ཐེར་མཛད་པ་ཡིན། མན་ངག་གི་ཡིག་ཆ་གསུངས་པ་དེ་ཚོ་རྗེའི་རིན་པོ་ཆེས་རིམ་ལྔ་གདན་རྫོགས་དམར་ཁྲིད་མཛད་ནས་གསར་དུ་མཛད་གནང་ཡོད། ད་ལྟ་རྒྱུད་འགྲེལ་ཆེན་མོའི་བཤད་པ་མཛད་ནས་ལོ་དྲུག་བརྒྱ་འཁོར་བ་རེད་དེ། ད་དུང་ཡང་མ་ཉམས་པར་གནས་ཡོད། དེ་ཡང་གཙོ་བོ་དེ་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸རྒྱལ་བ་ཐམས་ཅད་མཁྱེན་པ་གཙོས་པའི་རིས་སུ་མ་མཆིས་པའི་སྐྱེས་བུ་དམ་པ་ཚོས་མཛད་རྗེས་ཆགས་ཀྱི་ཡོད། མ་འོངས་པ་ནའང་རྒྱུད་འགྲེལ་ཆེན་མོ་འདི་ཉིད་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བ། ལྷག་པར་དུ་དཀྱུ་སར་གཏང་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། ཁ་ཤས་ཀྱིས་དགེ་ལུགས་དེ་གསར་ཆོས་ཤིག་ལ་རྩིས་ཀྱི་ཡོད་མོད། དོན་དངོས་སུ་དེ་འདྲ་མིན། ཨ་མདོ་དགེ་བཤེས་ཚོས་ངག་རྒྱུན་ལ་རྗེ་རིན་པོ་ཆེ་མ་བྱུང་གོང་གི་ས་སྐྱ། རྙིང་མ། བཀའ་བརྒྱུད་བཅས་ཀྱི་ཆོས་བརྒྱུད་ཡོད་པ་དེ་ཚོ་རྗེ་རིན་པོ་ཆེས་དག་ཐེར་མཛད་སའི་མ་རྩ་ལྟ་བུ་དང་། རྗེ་རིན་པོ་ཆེ་ཕེབས་པར་གྲ་སྒྲིག་ལྟ་བུར་ཆགས་ཡོད་ཅེས་གསུང་སྲོལ་ཡོད། རྗེས་རིན་པོ་ཆེའི་སྐབས་སུ་སངས་རྒྱས་བསྟན་པ་ཉམས་ཆག་ཆེན་པོ་ཕྱིན་པ་དེ་སོར་ཆུད་པ་ཡིན། བསྟན་པ་རྩ་བ་ནས་ནུབ་པ་དེ་འདྲ་བྱུང་མེད། ཞེས་ཨ་མདོའི་དགེ་བཤེས་ཚོར་དེ་འདྲའི་གསུང་རྒྱུན་ཞིག་ཡོད། འཇམ་མགོན་བླ་མ་ཙོང་ཁ་ཆེན་པོའི་བསྟན་པ་འདི་བསྟན་པ་གཞན་ལས་བཤུས་བཞག་པ་མ་ཡིན་པར། རྗེ་རིན་པོ་ཁོང་ཉིད་ཡིན་ན་ཡང་བསྟན་པ་ཡོངས་རྫོགས་ལ་ཐོས་བསམ་མཛད། ཉམས་ལེན་མཛད། རྟོགས་པ་རྒྱུད་ལ་འཁྲུངས། དེའི་སྟེང་ནས་གསུངས་པའི་ཆོས་རྣམ་པར་དག་པ་ཞིག་ཡིན་པར་ཀུན་གྱིས་ངོས་འཛིན་གྱི་ཡོད། གཟུ་བོར་གནས་པ་ཡིན་ན་དེ་ལྟར་ཡིན། ང་དང་ང་ལྟ་བུ་ནི་ག་དུས་ཡིན་ནའང་མགོ་རྨོངས་བསྡད་པ་ལས་གཞན་དེ་མ་ཡིན་པའི་སྐྱེས་བུ་རབ་རྣམས་ཀྱིས་ཆོས་རྣམ་པར་དག་པ་ཡིན་པར་མཁྱེན་གྱི་ཡོད། རྒྱུད་འགྲེལ་ཆེན་མོ་དང་འགྲེལ་པ་སྒྲོན་གསལ་སོགས་འགྲེལ་པ་སྤུས་དག་པོ་ཡོད་པ་དེ་ཚོ་གོང་ན་མེད་པ་ཞིག་ཆགས་ཀྱི་ཡོད། སྤྱིར་སངས་རྒྱས་ཀྱི་བསྟན་པ་གནས་དང་མ་གནས་དེ་ང་ཚོ་ཆོས་བྱེད་མཁན་ཚོས་བཤད་པ་དང་སྒྲུབ་པའི་བསྟན་པ་ལ་རག་ལས་ཀྱི་ཡོད། བཤད་པ་དང་སྒྲུབ་པའི་བསྟན་པ་རྣམ་པར་དག་པ་ཞེས་པ་དེ་ཡང་བཤད་སྒྲུབ་གཉིས་ཟུང་དུ་འབྲེལ་ནས་གནས་དགོས་ཏེ། མདོ་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། ཞེས་ལུང་གི་བསྟན་པས་དོན་གཏན་ལ་ཕབ། རྟོགས་པའི་བསྟན་པས་དེ་ཉམས་སུ་བླངས་ནས། ལུང་རྟོགས་ཀྱི་བསྟན་པ་མ་ཉམས་པར་གནས་ན་གནས་ཐུབ་ཀྱི་རེད། དེ་མིན་ནང་གི་ལུང་རྟོགས་ཀྱི་བསྟན་པ་ཉམས་ཆག་ཏུ་ཕྱིན་སོང་ན་དེ་སོར་ཆུད་རྒྱུ་ཁག་པོ་ཆགས་ཡོད། སངས་རྒྱས་ཀྱི་བསྟན་པ་གནས་ཚད་ལོ་ཉིས་སྟོང་ལྷག་བསྡད་ཡོད། དེའི་རིང་ལ་རྒྱལ་བ་ཐམས་ཅད་མཁྱེན་པ་དང་། རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཚོས་ཐུགས་གཏད་རླབས་ཆེན་གནང་བ་བཞིན་ང་ཚོས་ཀྱང་ཐུགས་སྨོན་གནང་བ་དགོས། དེ་ནས་བཀའ་བཞིན་སྒྲུབ་པར་མཆོད་པའི་མཉེས་པ་ཞིག་དགོས། བསྟན་པ་གནས་མི་གནས་དེ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཚོར་རག་ལས་ཀྱི་ཡོད། སྐུ་ཚེ་ཞབས་པད་བརྟན་པ་དང་། ཆོས་གསུང་བ་དང་། ༸རྒྱལ་བ་ཐམས་ཅད་མཁྱེན་པ་ལ་མཚོན་ན་དགའ་ལྡན་ཕོ་བྲང་གི་ཐུགས་ཁུར་མཛད་ནས། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་པར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པའི་ཐུགས་ཁུར་མཛད་དང་མཛད་བཞིན་པ་ཡིན། དེ་འདྲ་ཡིན་དུས་ཐུགས་བཞེད་བཟང་པོ་ལྷུན་གྱིས་འགྲུབ་པ་ཞིག་ཡོང་བར་ང་ཚོའི་བསོད་ནམས་ལ་རག་ལས་ཀྱི་ཡོད། ང་ཚོར་བསོད་ནམས་མེད་ན་ཁག་པོ་ཡིན་པས་བསོད་ནམས་བསགས་པ་དང་བཤད་སྒྲུབ་འཆད་ཉན་སྤུས་དག་པོ་ཞིག་གནང་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། ཚང་མས་ཐུགས་སྣང་གནང་རོགས་ཞུ་རྒྱུ་ཡིན། བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཚོ་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང། སངས་རྒྱས་ཀྱི་བསྟན་པ་སྔར་ལས་ལྷག་པ་དར་རྒྱས་ཡོང་བའི་ཐུགས་སྨོན་གནང་རོགས་ཞུ་ཐུགས་རྗེ་ཆེ།