༄༅།། དེང་དུས་ས་སྒང་གོ་ལའི་ཁྱོན་དུ་བརྡ་འཕྲིན་དུས་རབས་ཀྱི་ཚ་རླབས་གང་སར་འཕྱུར་བཞིན་པར་བརྟེན་དྲ་ཐོག་ནས་ཕྱི་ནང་གི་ཤེས་བྱ་མང་པོ་ཞིག་ལྟ་ཀློག་ཉན་གསུམ་ཐུབ་པའི་གོ་སྐབས་ཀྱི་ལེགས་ཆ་མང་པོ་ལེན་རྒྱུ་ཡོད་པའི་སྐབས་འདིར། གཞན་གྱིས་འགྲན་དུ་མེད་པའི་རང་རེའི་ཐུན་མིན་གྱི་ཁྱད་ཆོས་དུ་མས་ཕྱུག་པའི་སྲོལ་རྒྱུན་ཀྱི་སྲིད་འབྱོར་རིག་གསུམ་གྱི་ཤེས་བྱ་གལ་ཆེན་རྣམས་ཀྱང་དྲ་ཐོག་ཏུ་བདག་གཅེས་ཉར་ཚགས་ཐུབ་པ་དང་། དོན་གཉེར་ཅན་གྱི་རང་རིགས་སྤུན་ཟླ་ལྷན་རྒྱས་དང་རྒྱལ་ཕྱི་ནང་གི་ཆོས་གྲོགས་རྣམས་ཀྱིས་ལྟ་ཀློག་ཉན་གསུམ་བྱེད་ཐུབ་པའི་སྡིངས་ཆ་བཟང་པོ་ཞིག་བསྐྲུན་ཆེད་དྲ་རྒྱའི་ལས་རིམ་འདི་ཉིད་དུས་སྐབས་དང་འཚམས་པའི་ལས་དོན་གལ་འགངས་ཆེ་བར་མཐོང་ངོ་།།

དེས་ན་འདི་ག་དཔེ་མཛོད་ཁང་གིས་འབད་པ་བརྒྱ་ཕྲག་དང་ངལ་བ་སྟོང་ཕྲག་གིས་འཚོལ་སྒྲུབ་བགྱིས་ཏེ་ཐོས་བསམ་སློབ་གཉེར་གྱི་ཆེད་དུ་གདན་དྲངས་པའི་རྒྱལ་བའི་གསུང་རབ་བཀའ་འགྱུར་རིན་པོ་ཆེ་དཔེ་གཟུགས་སུ་བཞུགས་སུ་གསོལ་བའི་སྡེ་དགེའི་དཔར་མ་དང་། ཞོལ་དཔར་མ། དེ་གཟུགས་སུ་བཞུགས་སུ་གསོལ་བའི་དཔེ་བསྡུར་མ་དང་། དར་ཐང་བཀའ་འགྱུར་བཅས་ཚར་ལྔ་དང་། དེ་དག་གི་དགོངས་འགྲེལ་བསྟན་འགྱུར་ཚར་དྲུག བོད་ཀྱི་ཆོས་བརྒྱུད་ཆེན་མོ་ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་དང་བཅས་པའི་བོད་ཀྱི་ཆོས་བརྒྱུད་ཡོངས་ཀྱི་ཚད་ལྡན་མཁས་དབང་དག་གི་མགྲིན་མཚོ་ལས་འཁྲུངས་པའི་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་གཞུང་ཆེན་ཁག་གཙོ་བོར་གྱུར་པའི་ནང་དོན་རིག་པ་དང་། གཏན་ཚིགས། བཟོ། གསོ་བ། སྒྲ་བཅས་རིག་གནས་ཆེ་བ་ལྔ་དང་། དེ་བཞིན་སྙན་ངག་དང་། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་བཅས་རིག་གནས་ཆུང་བ་ལྔ་དང་། བཅུ་ཕྲག་རིག་གནས་དེ་དག་གི་རྩ་འགྲེལ་ཡང་འགྲེལ་རྣམ་བཤད་དང་། གཞན་ཡང་རྒྱལ་རབས། ཆོས་འབྱུང་། རྣམ་ཐར། ལོ་རྒྱུས། བྱུང་རབས་སོགས་ཀྱི་གསུང་འབུམ་དཔེ་གཟུགས་གསར་རྙིང་དང་དེབ་གཟུགས་ཁག་དང་། དེང་དུས་མཁས་དབང་དག་གིས་བརྩམས་པའི་རང་རེའི་ཐུན་མིན་ཆོས་དང་རིག་གཞུང་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་རྩོམ་དེབ་དང་གསུང་འབུམ་ཁག་སྣ་ཚོགས་དང་། གཞོན་སྐྱེས་ཤེས་ཡོན་ཅན་དག་གིས་བརྩམས་པའི་དཔྱད་རྩོམ། སྙན་རྩོམ། སྒྲུང་རྩོམ། བསྒྱུར་རྩོམ་སོགས་རྩོམ་དེབ་སྣ་མང་། ད་ཡོད་དཔེ་མཛོད་དུ་ཡོད་པའི་དཔེ་གཟུགས་དང་དེབ་གཟུགས་སྟོང་ཕྲག་སུམ་ཅུ་ཡས་མས་ཀྱི་ངོ་སྤྲོད་དཀར་ཆག་དང་།

དེ་བཞིན་འདི་ག་དཔེ་མཛོད་ཁང་ནས་ཞུ་སྒྲིག་ཚད་ལྡན་བྱས་ཏེ་དཔར་སྐྲུན་ཞུས་པའི་གསང་ཆེད་སྟོད་རྒྱུད་པོད་ཕྲེང་དང་། ར་མོ་ཆེ་པོད་ཕྲེང་། དེ་ལས་གཞན་པའི་དཔེ་དེབ། གསུང་རབ་ཡིད་འཕྲོག་ནོར་བུའི་དོ་ཤལ་སོགས་མདོ་སྔགས་གཞུང་ཆེན་ཁག་གི་གསུང་རབ་ངོ་སྤྲོད་དང་། བླུ་ཡོན་མངགས་ཉོ་གཏོང་ཚུལ། དེ་དག་ལས་འཕྲུལ་དེབ་ཏུ་བཟོས་ཟིན་པ་རྣམས་འགོད་སྤེལ། གྲྭ་ཚང་གི་ལོ་འཁོར་གཅིག་གི་ཆོས་འཆད་ཉན་དང་། ཆོས་ཐོག་ཆེ་ཆུང་སོགས་ཀྱི་ལོ་རྒྱུས། ཆོས་ཐོག་དགེ་བཤེས་རྣམ་པ་དང་། གྲྭ་ཚང་གི་དགེ་བཤེས་སྔགས་རམས་པ། བསྐྱེད་རིམ་པ། གཞི་རིམ་སློབ་མ་དག་གིས་གྲྭ་ཚང་དང་འབྲེལ་བའི་དཔྱད་རྩོམ་དང་། སྙན་རྩོམ། འབོལ་རྩོམ་སོགས་དང་། གཞན་ཡང་དགོས་མཁོ་ཅན་གྱི་ཆོ་ག་ཕྱག་ལེན་གྱི་དཔེ་ཆ། དཀྱིལ་འཁོར་གྱི་པར་རིས། མཆོད་གཏོར་སོགས་ཀྱི་ངོ་སྤྲོད་དང་།

གཞན་ཡང་ལོ་རྒྱུས་རང་བཞིན་ལྡན་པའི་གྲྭ་ཚང་གི་མཛད་སྒོ་དང་དུས་ཆེན་ཁག་གི་རྙེད་དཀའི་གཟུགས་མཐོང་བརྙན་དང་། འདྲ་པར་རྙིང་གྲས་དང་གསར་ཐོན་ཁག །མཁས་དབང་རྣམ་པའི་མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཁྲིད་སྒྲ་འཇུག་བྱས་པ་རྣམས་དང་། གྲྭ་ཚང་དང་འབྲེལ་བའི་གནས་ཚུལ་གསར་འཕྲིན་བཅས་བདག་གཅེས་ཉར་ཚགས་བྱ་ཆེད་དང་། དོན་གཉེར་ཅན་གྱི་རང་རིགས་སྤུན་ཟླ་རྣམས་དང་། རྒྱལ་ཕྱི་ནང་གི་ཆོས་གྲོགས་རྣམས་ཀྱིས་ལྟ་ཀློག་ཉན་གསུམ་ཐུབ་པ་བཅས་ཤེས་ཡོན་སློབ་གཉེར་གྱི་ཆ་རྐྱེན་དུ་བསྐྲུན་ཞིང་། དེ་ལ་བརྟེན་ནས་རྨོངས་པའི་མུན་པ་ཡོངས་སུ་བསལ་ཏེ་ཤེས་རིག་གི་འོད་སྣང་ཇེ་རྒྱས་སུ་འགྲོ་བའི་ཆེད་དུ་ལོ་རྒྱུས་དང་། དཀར་ཆག །འཕྲུལ་དེབ། སྒྲ་མཛོད། བརྙན་མཛོད། པར་མཛོད། རྩོམ་རིག ། ཚན་རིག །གསར་འཕྲིན་བཅས་ལས་གྲུབ་པའི་དྲ་རྒྱ་འདི་ཉིད་གསར་དུ་བཟོ་སྐྲུན་བྱས་པ་ཡིན།

དེས་ན་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་གོ་སྐབས་དམ་འཛིན་གྱིས་ངང་པས་ཆུ་ལས་འོ་མ་ལེན་པ་བཞིན་དུ་རང་ལ་དགོས་པའི་ཤེས་ཡོན་གྱི་གོ་རྟོགས་མཐོར་འདེགས་ཀྱི་ཆེད་དུ་ལྟ་ཀློག་ཉན་གསུམ་གནང་སྟེ། རྨོངས་མུན་སེལ་བའི་ཤེས་རབ་ཀྱི་སྒྲོན་མེ་རང་རྒྱུད་ལ་ཆེས་ཆེར་སྦར་བ་དང་། ལྷག་པར་གཞན་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་འཛམ་གླིང་སྤྱི་ནོར་དུ་གྱུར་པའི་ཁ་བ་གངས་ཅན་པའི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་རྣམས་ས་སྒང་འདིའི་ཐོག་ཏུ་ཡུན་རིང་དུ་གནས་ཐུབ་པའི་རེ་སྨོན་དང་ཡིད་ཆེས་བྱེད་བཞིན་ཡོད། སླད་དྲ་ཚིགས་འདི་ཉིད་གྲ་རྒྱས་ཚགས་ཚུད་ཡོང་བའི་ཆ་རྐྱེན་དུ་སྐྱོན་ཡོན་གྱི་དགོངས་འཆར་ཇི་མཆིས་འཛེམ་མེད་ལྷུག་སྩོལ་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།