༄༅།། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཞི་བར་གཤེགས་པ་དང་རྒྱུད་ཆེན་ཀུན་དགའ་དོན་གྲུབ་སྐུ་འཁྲུངས་ནས་ལོ་དྲུག་བརྒྱ་འཁོར་བ་བཅས་ཀྱི་རྗེས་དྲན་ཆེད་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་རྒྱུད་ཀྱི་ཊཱིཀའི་སྟེང་ནས་བགྲོ་གླེང་དང་། ཆབས་ཅིག་རྗེ་བླ་མའི་གསུང་སྔགས་ཀྱི་ལམ་རིམ་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་ལེགས་བཤད་ཆེན་མོ་དེ་དང་། རྗེ་བཙུན་ཤེས་རབ་སེང་གེ་དང་རྒྱུད་ཆེན་ཀུན་དགའ་དོན་གྲུབ་རྣམ་གཉིས་ཀྱི་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་ཊཱིཀ་རྣམ་གཉིས་བཅས་པར་བསྐྲུན་འགྲེམས་སྤེལ་ཞུས་པར་ཡི་རང་དང་། འགན་ཁུར་དང་རྒྱུ་སྦྱོར་བ་རྒྱུད་སྟོད་གྲྭ་ཚང་གི་ལས་སྣེ་ལྟོས་བཅས་ལ་ལེགས་སོའི་བསྔགས་བརྗོད་ཡོད།

དེ་ཡང་རྗེའི་སྔགས་རིམ་ཆེན་མོ་ནི། གསང་སྔགས་རྒྱུད་སྡེ་བཞིའི་སྔོན་འགྲོ་དང་། ལམ་སྡུད་པའི་སྤྱིའི་ཆིངས་དང་། ལམ་གྱི་རིམ་པ་དངོས་བཅས་རྫོགས་པར་གསལ་བ་བསྟན་པ་དང་། གཞན་ཡང་དཔྱོད་ལྡན་ལ་སྐྱེ་བའི་དོགས་པའི་གནས་མཐའ་དག་ལྷག་མ་མེད་པར་གཅོད་པ་ལ་བསྒྲུན་དུ་མེད་པའི་ལེགས་བཤད་ཅིག་ཡིན་པར་བསྙོན་དུ་མེད།

དཔལ་ལྡན་འདུས་པའི་རྒྱུད་ནི། རྒྱུད་སྡེ་གཞན་ཀུན་གྱི་རྩ་བ་དང་། མདོ་སྡེ་ཀུན་གྱི་ཟ་མ་ཏོག་ཏུ་གྱུར་པས། རྒྱུད་སྡེ་ཐམས་ཅད་ཀྱི་རྩེ་མོའམ་མཆོག་ཏུ་རྒྱུད་འདི་རང་གི་སྐོར་དུ་མ་ཟད། རྒྱུད་སྡེ་གཞན་ལས་ཀྱང་བསྔགས་ཤིང་། བསྟན་པའི་སྙིང་པོ་གནས་མི་གནས་ཀྱང་འདི་ཉིད་ཡོད་མེད་ཀྱི་རྗེས་སུ་བྱེད་པར་འཇམ་དཔལ་ཞལ་ལུང་ལས། འདི་དོན་རྣ་བར་འཕོ་བྱེད་པ།། གང་གི་དུས་སུ་གནས་པ་དེར།། སངས་རྒྱས་བསྟན་པ་རིན་ཆེན་ཀྱང་།། གནས་པར་རབ་ཏུ་བཤད་པ་ཡིན།། བརྒྱུད་པའི་རིམ་པ་འདི་ཆད་པས།། སངས་རྒྱས་བསྟན་པ་ནུབ་པ་རུ།། ཀུན་གྱིས་རབ་ཏུ་ཤེས་པར་བྱ།། ཞེས་སོགས་གསུངས་པས་འདུས་པའི་འཆད་ཉན་ནི་རྒྱུད་ཀྱི་བསྟན་པ་ལ་མེད་དུ་མི་རུང་བར་གྱུར་ཡོད། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་འགྲེལ་བྱེད་དཔལ་ལྡན་ཟླ་བའི་སྒྲོན་གསལ་དང་། རྗེའི་མཆན་གྱི་ཡང་འགྲེལ། མཐའ་གཅོད་རིན་པོ་ཆེའི་མྱུ་གུ། ས་བཅད་བསྡུས་དོན་བཅས་བཞི་སྦྲགས་ཀྱི་སྒོ་ནས་འགྲེལ་བ་ན། རྗེ་བདག་ཉིད་ཆེན་པོ་ནས་བརྒྱུད་པ་ཆུ་ལམ་བརྒྱུད་དང་། རྡོ་ལག་བརྒྱུད་ཀྱི་ཚུལ་དུ་བྱུང་བའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་ལ་བརྟེན་ཏེ་ཡི་གེ་བྲི་བསྣན་གྱི་སྒོ་ནས་བཤད་ཚུལ། གཞུང་གོང་འོག་དཀྲུག་སྟེ་བཤད་ཚུལ། རྒྱུད་རྐྱང་གི་བཤད་ཚུལ། རྒྱན་བདུན་གྱི་སྒོ་ནས་ཚོགས་བཤད་དང་སློབ་བཤད་ཀྱི་ཚུལ་སོགས་དང་། ལྷོ་བྲག་མར་པ་ལ་ནཱ་རོ་པ་སོགས་ལས་བརྒྱུད་པའི་འདུས་པའི་མན་ངག་གི་བཤད་སྲོལ་དང་། རྗེ་འགོས་ནས་བརྒྱུད་པའི་འདུས་པའི་གཞུང་བཤད་ཀྱི་བཤད་སྲོལ་མི་འདྲ་བ་བཅུ་རྣམས་ཀྱིས་ཀྱང་བརྒྱན་པར་བྱས་ནས་འཆད་ཉན་གྱི་སྲོལ་རྨད་དུ་བྱུང་བ་འདི་ཉིད་ཀྱི་སྐབས་སུ་ཟུར་རྒྱན་གྱི་ཡིག་ཆར་རྒྱུད་ཊཱིཀ་རྣམ་གཉིས་མེད་མི་རུང་བ་ལྟ་བུར་སྣང་བ་དང་། རྒྱུད་ཊཱིཀ་རྣམ་གཉིས་ལ་བློ་དམན་པ་རྣམས་འདུས་པའི་གཞུང་ལ་འཇུག་པ་བདེ་བའི་ཁྱད་ཆོས་ཀྱང་སྣང་བས་གཞུང་ཆེན་མོ་དེ་དག་དཔར་དུ་བསྐྲུན་པར་དོན་སྙིང་ཆེན་པོ་ལྡན་པར་སྨོས་མི་དགོས། རྒྱུད་གང་གི་ཕྱོགས་གཅིག་ཙམ་ཞིག་ཡན་ཆད་འཛིན་པ་ཐམས་ཅད་ཀྱང་། རྡོ་རྗེ་འཆང་དང་འདྲ་བར་བལྟས་ནས་ཕྱག་འཚལ་བར་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པའི་དཔལ་ལྡན་འདུས་པའི་རྒྱུད་ཀྱི་ཉན་བསམ་སྒོམ་པ་མི་ཉམས་གོང་འཕེལ་གྱི་སྨོན་འདུན་དང་བཅས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ས་ཕག་ཟླ་༨ ཚེས་༡༡ ཕྱི་ལོ་༢༠༡༩ ཟླ་༡༠ ཚེས་༩ ལ།།

PDF