༄༅།། དཔེ་མཛོད་ལ་ཉེ་བར་མཁོ་བའི་གསུང་རབ་དཔར་སྐྲུན་དང་ཕྱག་དཔེ་མཁོ་སྒྲུབ། ལྷག་པར་དཔེ་རྒྱུན་དཀོན་རིགས་འཚོལ་སྒྲུབ་དང་ཉར་ཚགས་བཅས་ཀྱི་སྟངས་འཛིན་གནང་རྒྱུ་སོགས་དཔེ་མཛོད་ཀྱི་འགན་དམིགས་ངོ་འཕྲོད་པའི་ཐོག་ནས་ལས་འགན་སྒྲུབ་དགོས། རྒྱུན་ལྡན་དཔེ་མཛོད་ཀྱི་ལས་གཞི་གལ་ཆེ་ཆུང་ལ་གཞིགས་པའི་ལས་རིམ་སྔ་ཕྱི་སྒྲིག་སྟངས་དང་། དགོས་མཁོ་ཡོད་མེད་ཀྱི་དབྱེ་མཚམས་དང་གདམ་གསེས་མ་ནོར་བ་མཁྱེན་རྟོགས་ཐུབ་པ་དང་། གཤམ་འོག་གི་ལས་བྱེད་སོ་སོར་ལས་ཀའི་བཀོད་འདོམས་ཚགས་ཚུད་དང་དེ་དག་གི་བདེ་སྡུག་ལའང་གཟིགས་རྟོགས་ཐུབ་པ་དགོས། མདོར་ན་དཔེ་མཛོད་ཁང་དེ་བཞིན་གནའ་དེང་ཤེས་རིག་གི་བང་མཛོད་ཅིག་དང་། དོན་གཉེར་ཅན་གྱི་སློབ་གཉེར་བ་དང་ཉམས་ཞིབ་པ་དག་གི་ཉེར་མཁོའི་སློབ་ཚན་དང་དཔྱད་གཞིའི་ཡིག་ཆ་འཚོལ་སྒྲུབ་ཀྱི་ཐད་ལ་ཆ་རྐྱེན་ཕུན་སུམ་ཚོགས་པའི་བསྟི་གནས་སུ་སྐྲུན་ཐབས། དེ་བཞིན་དུ་ཤེས་ཡོན་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་དང་། གཏམ་བཤད་ཟབ་སྦྱོང་སོགས་ཀྱང་དུས་ནས་དུས་སུ་གོ་སྒྲིག་ཞུ་རྒྱུ།