༄༅།། ལོ་ཙཱ་བ་སྐུ་ཞབས་ཟླ་བ་དོན་གྲུབ། (ཨཱཅཱརྱ) ལགས་ནི་ཝཱར་ཎ་མཐོ་སློབ་ཏུ་བོད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་སྐད་ཡིག་རིག་གཞུང་དང་བཅས་པར་སྦྱང་བརྩོན་གནང་བས་ཨཱཅཱརྱའི་མཚན་གནས་བཞེས་པ་ཙམ་དུ་མ་ཟད། དེང་དུས་ཀྱི་སྐད་ཡིག་ལ་སྦྱང་འབྲས་ཕུལ་དུ་ཕྱིན་པས་སྟབས་ཀྱིས་༸སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སོགས་ཀྱི་བཀའ་ཆོས་སྐབས་སུ་འཕགས་བོད་ཀྱི་གཞུང་ཆེན་གང་ཞིག་ཡིན་ཀྱང་ཨིན་སྐད་དུ་རིམ་ཅན་དུ་མ་ཡིན་པར་ཅིག་ཅར་གྱིས་སྒྲ་དག་གསལ་གསུམ་གྱིས་སྒྱུར་གནང་མཛད།

དེ་ལྟ་བུའི་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་ཕུན་སུམ་ཚོགས་པ་མངའ་བའི་མཁས་པ་ཁོང་ལ་དཔེ་མཛོད་ཀྱིས་རེ་སྐུལ་ཞུས་པ་བཞིན། ལམ་སྟོན་པའི་མཚན་གནས་ཀྱི་ཐུགས་འགན་གཙང་བཞེས་གནང་སྟེ། དཔེ་མཛོད་ཀྱི་ལས་འཆར་ལས་གཞི་དང་། དཔར་སྐྲུན་སོགས་ལ་དུས་ནས་དུས་སུ་དགོས་མཁོར་སྨིན་པའི་ལམ་སྟོན་གནང་བ་མ་ཟད། སྤྱིར་དེང་དུས་དང་མཐུན་པའི་དཔེ་དེབ་ཚད་ལྡན་ཞིག་དཔར་སྐྲུན་བྱེད་པ་ལ། རྒྱལ་སྤྱིའི་སྤྱི་འགྲོས་ལྟར་དཔར་སྐྲུན་གྱི་བདག་དབང་ཤོག་ངོས་ (copyright) དང་། རྒྱལ་སྤྱིའི་དཔེ་དེབ་ཨང་རྟགས་ (ISBN:) ནི་ཧ་ཅང་གལ་ཆེན་ཡིན་གཤིས། ཁོང་གིས་དེ་དག་དུས་ཐོག་ཏུ་ཨིན་ཡིག་ཏུ་ཕབ་སྒྱུར་གནང་བས་མཚོན། ལས་དོན་ཆེ་ཕྲ་དུ་མར་ལམ་སྟོན་དང་མཐུན་འགྱུར་རྒྱ་ཆེར་གནང་བཞིན་ཡོད།