པར་བཤུ།
སྡེ་ཚན། རྩོམ་གྱི་རིགས།
ཀློག་གྲངས། 844

༄༅།། འཛམ་གླིང་གོ་ལའི་ཁྱོན་ལ་སྙན་གྲགས་ཧ་ཅང་ཆེ་བའི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལེགས་བཤད་གསུང་རྩོམ་འདིས་བསྟན་པའི་དོན་སྙིང་གཙོ་བོ་ནི། ནང་པའི་སེམས་ཁམས་རིག་པའི་ལྟ་གྲུབ་དང་ཚན་རིག་གཉིས་སྤྱིར་ཐ་དད་ཡིན་མོད་ཀྱང་། བརྟག་དཔྱད་ཞིབ་འཇུག་གིས་དངོས་ཡོད་གནས་ཚུལ་ལ་གཞིགས་པའི་རླབས་ཆེན་གྱི་བདེན་པ་འཚོལ་བའི་གནས་ལུགས་འདྲ་བས་ན། ཕན་ཚུན་ཁ་སྐོང་བར་འོས་པའི་ལེགས་ཆའི་རིགས་དང་ལེན་གྱིས་འགྲོ་བ་མིའི་རིགས་ཀྱི་དགོས་མཁོ་དང་འཚམས་པའི་ཞབས་འདེགས་བསྒྲུབ་ཐུབ་པའི་ལམ་སྟོན་གནང་བ་སྟེ།

སྔོན་གླེང་ལས། སེམས་དོན་རིག་པ་དང་ཚན་རིག་ཐ་དད་ཡིན་མོད། འོན་ཀྱང་། བདེན་པ་འཚོལ་བའི་དམིགས་ཡུལ་རླབས་ཆེན་དེ་གཅིག་མཚུངས་སུ་ཡོད་པར་མ་ཟད། འདི་གཉིས་ནི་གཅིག་གིས་གཅིག་ནས་སྦྱོང་འོས་པ་མང་ཞིང་ཕན་ཚུན་ཁ་སྐོང་བར་བྱེད་པའི་ཞིབ་དཔྱོད་ཀྱི་འཇུག་སྒོའང་ཡིན། ཚན་རིག་དང་སེམས་དོན་རིག་པ་གཉིས་ཟུང་འབྲེལ་གྱིས་འགྲོ་བ་མིའི་རིགས་ཀྱི་ཤེས་ཡོན་དང་ཤེས་རབ་ལ་མཐའ་རྒྱ་གསར་པ་ཞིག་བསྐྱེད་པར་རམ་འདེགས་བྱེད་ཆོག །ལྷག་པར་ཕན་ཚུན་བར་གྱི་གྲོས་བསྡུར་ལ་བརྟེན་ནས་ཚན་རིག་དང་སེམས་དོན་རིག་པས་འགྲོ་བ་མིའི་རིགས་ཀྱི་དགོས་མཁོ་དང་བདེ་ཐབས་ལ་སྔར་ལས་ལེགས་པའི་ཞབས་འདེགས་བསྒྲུབ་ཐུབ་པའི་རེ་བ་བདག་ལ་ཡོད། ཅེས་གསུངས་པ་ལྟར། ང་ཚོའི་སྲོལ་རྒྱུན་ཤེས་རིག་གི་སྙིང་བཅུད་བསམ་བློའི་དཔལ་ཡོན་ལ་དུས་རབས་ཉེར་གཅིག་པའི་འགྲོས་དང་འཚམས་པའི་སྤྱི་སྡོམ་བརྒྱབ་ཅིང་། དུས་རབས་གསར་པའི་འདུ་ཤེས་དེའི་འཚོལ་སྙེག་ལ་མཚན་ཉིད་རིག་པའི་སྒྲོམ་གཞི་ཞིག་གཏན་འབེབས་བྱས་ཏེ་ཚན་རིག་གི་འཇིག་རྟེན་དེར་བྱ་དངོས་གང་ཞིག་ཡིན་ཀྱང་དངོས་ཡོད་གནས་ཚུལ་ལ་གཞིགས་པའི་དཔྱོད་ཤེས་ཀྱིས་ལེགས་ཉེས་དབྱེ་འབྱེད་ཀྱི་བློ་སྒོ་ཡོངས་སུ་ཕྱེས་ཏེ་ང་ཚོར་འོད་སྟོང་ལྡན་པའི་འཇིག་རྟེན་གསར་པ་ཞིག་ཏུ་སྣེ་ཁྲིད་བྱེད་པའི་ནུས་པ་ངེས་ཅན་ཞིག་ལྡན་ཞིང་། ལྷག་པར་ཚན་རིག་དང་སེམས་ཁམས་རིག་པ་ཟུང་འབྲེལ་ལས་གྲུབ་པའི་ཆེད་རྩོམ་འདི་ནི། ནང་བསྟན་གྱི་མཚན་ཉིད་རིག་པ་དང་ཚན་རིག་གཉིས་ཀའི་གཞི་རྩའི་ལྟ་བ་དང་། དེའི་རྣམ་གཞག་དང་བརྟག་ཐབས། དེ་བཞིན་དུས་རབས་ཉེར་གཅིག་པའི་མི་རྣམས་ཕྱི་དངོས་པོའི་ཡར་རྒྱས་ཕུན་སུམ་ཚོགས་ན་ཡང་ནང་སེམས་ལ་ཞི་བདེ་མེད་པར་རང་རྒྱལ་གཞན་ཕམ་གྱི་བྱ་ངན་དག་གིས་འཕྲད་པའི་ཀུན་སྤྱོད་ཀྱི་དཀའ་ངལ་སོགས་ཀྱི་གནད་དོན་གསལ་བཤད་ཞིབ་འབྲི་དང་། བློ་གཟུ་བོར་གནས་པའི་སྒོ་ནས་ཕན་ཚུན་ཞིབ་བསྡུར་ལས་བྱུང་བའི་དཔྱད་གླེང་གི་ཁྱད་ཆོས་ཀྱིས་ཕྱུག་པར་མ་ཟད། སྐད་ཆའི་ཉམས་འགྱུར་གྱི་ཆ་ནས་ཀྱང་ཞལ་གསལ་ལ་གོ་བདེ་བ་སོགས་ཀྱི་ཁྱད་ཆོས་དུ་མས་ཕྱུག་པའི་བགྲོ་གླེང་གི་རྣམ་པ་གསོན་ཉམས་ལྡན་པ་སོགས་ཀྱི་ཁྱད་ཆོས་དུ་མ་འབུར་དུ་ཐོན་པས། བློ་གསལ་དོན་གཉེར་ཅན་རྣམས་ཀྱི་རྣམ་དཔྱོད་བློ་གྲོས་ཀྱི་སྒོ་མོ་འབྱེད་པར་དགེ་མཚན་ཧ་ཅང་ཆེ་བར་མཐོང་སྟེ། སེར་བྱེས་རིག་མཛོད་ལས་ཕབ་ལེན་བྱས་ཏེ་འགོད་སྤེལ་ཞུས།

ཕབ་ལེན།  PDF