པར་བཤུ།
སྡེ་ཚན། གནས་ཚུལ་གཞན།
ཀློག་གྲངས། 699

༄༅།། ཕྱི་ལོ་༢༠༢༢ ཟླ་ ༡༢ ཚེས་༢ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་ཁང་དངོས་སུ་དབུ་བརྙེས་ནས་འདི་ལོར་བགྲང་བྱ་ཧྲིལ་པོ་བཅུ་འཁོར་བའི་རྗེས་དྲན་དུས་སྟོན་དུ། སྐུ་མགྲོན་གྱི་གཙོ་བོ་བདག་ཉིད་ཆེན་པོ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཐོག །གྲྭ་ཚང་གི་༸སྐྱབས་རྗེ་མཁན་བླ་རྣམ་གཉིས་དབུས་པའི་གྲྭ་ཚང་གི་ལས་སྣེ་རྣམ་པ་དང་།  དེ་བཞིན་བཀའ་ཟུར་སྐུ་ངོ་ཚེ་རིང་དོན་གྲུབ་མཆོག་སོགས་ཕྱི་ནང་གི་སྐུ་མགྲོན་ལྷན་འཛོམས་ཀྱིས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱུད་སྟོད་དཔེ་མཛོད་ནས་ད་ལྟའི་བར་དཔར་སྐྲུན་ཞུས་པའི་དཔེ་གཟུགས་དང་དེབ་གཟུགས་བསྡོམས་པའི་གྲངས་ ༧༨ འགྲེམས་སྟོན་དབུ་འབྱེད་དང་། གསང་ཆེན་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་དུ་བཞུགས་པའི་རྒྱལ་བའི་གསུང་རབ་མདོ་རྒྱུད་བསྟན་བཅོས་དང་། ཐུན་མོང་རིག་པའི་གཞུང་སོགས་ཀྱི་དཀར་ཆག་དྭངས་གསལ་ནོར་བུའི་མེ་ལོང་དབུ་འབྱེད་དང་འབྲེལ་རིན་བྲལ་གྱི་བཀའ་སློབ་ཟབ་མོ་བཀའ་དྲིན་ཆེ་བ་དང་། ༸སྐྱབས་རྗེ་མཁན་བླ་རྣམ་གཉིས་དང་། བཀའ་ཟུར་ཚེ་རིང་དོན་གྲུབ། དགེ་བསྐོས་ལགས་བཅས་ནས་འདི་ལོར་དཔར་གསར་སྐྲུན་ཞུས་པའི་དཔེ་དེབ་མི་འདྲ་བ་གྲངས་༡༢ དབུ་འབྱེད་གནང་ཞིང་། དཔེ་མཛོད་འགན་འཛིན་བློ་བཟང་ཀླུ་སྒྲུབ་ཀྱིས་ལས་སྡོམ་སྙན་སྒྲོན་དང་། ༸སྐྱབས་རྗེ་མཁན་བླ་རྣམ་པ་གཉིས་དང་དགེ་བའི་བཤེས་གཉེན་མཁས་གྲུབ་ནོར་བཟང་བཅས་ནས་བཀའ་སློབ་གསུང་བཤད་གནང་། བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བོད་བསྟན་སྲིད་སྤྱི་དང་། བྱེ་བྲག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་དང་། ལྷག་པར་དཔེ་མཛོད་ཀྱི་སྤྱི་ཁྱབ་སློབ་སྟོན་པའི་མཚན་གནས་བཞེས་པའི་བཀའ་དྲིན་ལ་བརྟེན་དཔེ་མཛོད་ཀྱི་མཚན་མཐོང་དང་ལས་དོན་གང་ཅིར་རླབས་ཆེ་བའི་ཕན་འབྲས་མངོན་

མཐོང་ལ་བརྟེན་བཀའ་དྲིན་རྗེས་དྲན་གྱི་མཚོན་རྟགས་དང་། སྐུ་ཚེ་བསྐལ་བརྒྱར་བརྟན་པའི་རྟེན་འབྲེལ་གྱི་སླད་དུ། ཚེ་སྦྱིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་བརྙན་བཞུགས་ཁྲི་རྒྱབ་ཡོལ་དང་བཅས་པ་༸སྐྱབས་རྗེ་མཁན་བླ་རྣམ་པ་གཉིས་ཀྱིས་འདེགས་འབུལ་ཞུས་པ་དང་། དགེ་བའི་བཤེས་གཉེན་མཁས་གྲུབ་ནོར་བཟང་མཆོག་དཔེ་མཛོད་ཀྱི་སློབ་སྟོན་པ་དང་ཞུ་ཆེན་པའི་ཐུགས་ཁུར་ཆེ་བཞེས་གནང་བའི་བཀའ་དྲིན་ཆེ་ཞུའི་སླད། ༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་རབ་ཀྱི་ལྷ་མཆོག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་བརྙན་རིན་པོ་ཆེ་གསོལ་སྩལ་གནང་བ་དང་། དེ་བཞིན་རླངས་ཚང་བསྟན་འཛིན་རབ་བརྟན་གྱིས་དཔེ་མཛོད་ཀྱི་ལས་དོན་སྤྱི་དང་ལྷག་པར་ཞུ་སྒྲིག་གི་ལས་དོན་གང་ཅིར་ངོ་ལྐོག་རྒྱབ་མདུན་མེད་པར་ལྷག་བསམ་ཟོལ་མེད་ཀྱིས་ཞོགས་སྔ་ལང་དང་དགོང་འཕྱི་ཉལ་ཇི་དགོས་བྱས་ཏེ་ལས་དོན་བསྒྲུབས་པའི་ཕུལ་བྱུང་ལས་བྱེད་ཀྱི་གཟེངས་བསྟོད་ཕྱག་འཁྱེར་དང་ལེགས་སྐྱེས། དགེ་བཤེས་འཇམ་གཅེས་ཀྱིས་ཀྱང་དེ་མཚུངས་ཀྱིས་དཔེ་མཛོད་ཀྱི་ལས་དོན་སྤྱི་དང་། གཙོ་བོར་དཔེ་བསྡུར་དང་ཞུ་སྒྲིག་གི་ལས་དོན་ལ་འགན་ཁུར་ཆེན་པོ་བཞེས་པའི་ལེགས་སོའི་གཟེངས་བསྟོད་ཕྱག་འཁྱེར་དང་ལེགས་སྐྱེས། ལོ་ཙཱ་བ་ཟླ་བ་དོན་གྲུབ་(ཨཱཅཱརྱ་)མཆོག་གིས་རིན་མེད་ཐོག་དཔེ་མཛོད་ཀྱི་ཡིག་སྒྱུར་གནང་བར་ལེགས་སོའི་གཟེངས་བསྟོད་ཕྱག་འཁྱེར་དང་བྱ་དགའ། གཞན་ཡང་དཔེ་མཛོད་ཀྱི་ལས་བྱེད་གཞན་རྣམས་ལའང་བྱ་དགའ་ལེགས་སྐྱེས་གསོལ་སྩལ་གནང་།

དམིགས་བསལ་འབྲེལ་ཡོད་བཀའ་ཟུར་སྐུ་ངོ་ཚེ་རིང་དོན་གྲུབ་མཆོག་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་མཆོག །ནོར་བུ་གྷརཕྷིག་ཀརྨ་བློ་གྲོས་བཅས་ལ་ལེགས་སྐྱེས་གསོལ་སྩལ་གནང་བ་དང་། དེ་བཞིན་དཔེ་མཛོད་ལ་སྔ་ཕྱི་བར་གསུམ་དུ་ལས་དོན་གང་ཐད་ནས་ཕན་རླབས་ཆེ་བ་འགའ་ཞིག་ལ་ལེགས་སོའི་ཕྱག་འཁྱེར་དང་ལེགས་སྐྱེས་གནང་བ། དེ་ནས་སྐུ་མགྲོན་གྱི་གཙོ་བོ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་མཁན་བླ་རྣམ་གཉིས་སོགས་ནས་རིན་བྲལ་གྱི་བཀའ་སློབ་གསུང་བཤད་གནང་བ་དང་། དཔེ་མཛོད་འགན་འཛིན་བློ་བཟང་ཀླུ་སྒྲུབ་ཀྱིས་ཐུགས་རྗེ་ཆེ་ཞུས་དང་འབྲེལ་ཚོགས་ཞུགས་པ་རྣམ་པར་ལེགས་འབུལ་དང་བཀྲ་ཤིས་ཕུན་སུམ་ཚོགས་པའི་ཤིས་བརྗོད་ཀྱིས་མཐའ་བརྒྱན་ཏེ་མཛད་སྒོ་གཟབ་རྒྱས་ངང་འཚོགས་པའི་བརྙན་པར།