པར་བཤུ།
སྡེ་ཚན། དཔྱད་རྩོམ།
ཀློག་གྲངས། 598

སེར་ལྷོ་དགེ་བཤེས་ངག་དབང་ཐོགས་མེད།

རྨད་བྱུང་མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས།།
ཁ་སྦྱོར་བདེ་སྟོང་རོ་ལ་རྟག་རོལ་ཅིང་།།
དམིགས་མེད་ཐུགས་རྗེས་ཞི་བའི་མཐའ་སྤོང་པ།།
རྒྱལ་བ་ཡན་ལག་བདུན་ལྡན་ལ་ཕྱག་འཚལ།།

བསླབ་པ་གསུམ་དང་ཟབ་རྒྱས་ཆོས་ཚུལ་སོགས།།
གང་འདོད་སྦྱིན་པའི་དངོས་རྒྱུད་བླ་མ་དང་།།
ཤིན་ཏུ་འབྱུང་དཀའི་འབྲས་བུའི་ཐེག་པ་ལ།།
ལུས་ངག་ཡིད་གསུམ་གུས་པའི་ཕྱག་འཚལ་ལོ།།

དེ་ཡང་དཔལ་ལྡན་ས་གསུམ་མ་ལས།

འཇམ་དཔལ་དབྱངས་ཀྱིས་ཁྱེད་ལ་མངོན་སུམ་དུ།།
ཉིན་རེ་བཞིན་དུ་ལེགས་བཤད་བདུད་རྩིའི་རྒྱུན།།
དུས་གསུམ་རྒྱལ་བའི་ཐུགས་ཀྱི་བཅུད་ཕྱུང་བ།།
རྒྱུན་མི་འཆད་པར་འདོམས་ལ་གསོལ་བ་འདེབས།།

ཞེས་ཇི་སྐད་གསུངས་པ་ལྟར་དུས་གསུམ་དུ་གཤེགས་པའི་རྒྱལ་བ་ཀུན་གྱི་གསུང་རབ་ཀྱི་སྙིང་པོའི་བཅུད་བསྡུས་པ་ནི།
            ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་ལེགས་པར་གཏན་ལ་ཕབ་པའི་མདོ་དང་སྔགས་ཀྱི་གཞུང་ལུགས་གསེར་རིའི་འཕྲེང་བ་བསྒྲིགས་པ་ལྟ་བུ་འདི་དག་ཡིན་ལ། དེ་དག་གི་ཡང་སྙིང་པོའི་དོན་མཐའ་དག་ཅིག་ཏུ་འདོམ་པར་མཛད་པ་ནི་བྱང་ཆུབ་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་ཞེས་ཡོངས་སུ་གྲགས་པ་སྐྱེས་བུའི་འདོད་དོན་མ་ལུས་པ་རྫོགས་པར་བསྐང་བའི་གདམས་པ་རིན་ཆེན་དབང་གི་རྒྱལ་པོ་ལྟ་བུ་འདི་གཉིས་ཡིན་ཞིང་། འདི་གཉིས་ཀྱི་བརྗོད་བྱ་གང་ཟག་གཅིག་གི་ལམ་ཉམས་ལེན་གྱི་རིམ་པ་ལས་དང་པོ་བའི་ས་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱི་ལམ་ཚང་ལ་མ་ནོར་བ་རྫོགས་པར་འདོམ་པར་མཛད་པ་ནི་ཀུན་གྱི་མཁྱེན་གསལ་ལྟར་ལགས་ཤིང་། འདིར་ཁོ་བོས་དེ་གཉིས་ཀྱི་ཡ་གྱལ་སྔགས་རིམ་ཆེན་མོའི་དངོས་ཟིན་ཚིག་གི་དུམ་བུ་འགའ་ཞིག་གི་དོན་གླེང་བསླང་བར་འདོད། དེ་ཡང་དཔལ་མང་དང་ཀིརྟིའི་སྔགས་སྡོམ་སོགས་ལས་འབྱུང་བ་ལྟར་དེང་སང་ཕལ་མོ་ཆེས་མདོ་དང་རྒྱུད་སྡེ་འོག་མ་སོགས་དང་མི་འདྲ་བར་བླ་མེད་ལ་ཞི་ལྷག་ཅིག་ཅར་དུ་ཐོབ་པ་ཡོད་པར་གསུངས་པ་བསྐྱེད་རིམ་ཕྲ་མོའི་སྐབས་དང་། དེ་ཡང་དམིགས་རྟེན་གྱི་གནད་དང་སྤྲོ་བསྡུ་སོགས་ཀྱི་ཁྱད་པར་ལས་ཡིན་ཞེས་རྒྱུ་མཚན་བགྲངས་དང་བགྲང་བཞིན་པ་ནི་སྔགས་རིམ་ཆེན་མོའི་དངོས་ཟིན་གྱི་དོན་དང་འགལ་བས་ལེགས་པ་མ་མཐོང་། དེ་ཡང་སྔགས་རིམ་ཆེན་མོ་ལས། ཕྲ་ཐིག་ལ་དྲིལ་ནས་སེམས་བརྟན་པར་བྱེད་པའི་གནས་པ་སྒྲུབ་ན་ནི། གནས་སྐབས་གསུམ་པ་ནས་བྱེད་པའི་སྐབས་རྣམས་ཕྱེད་པར་བྱ་སྟེ། ཕྲ་ཐིག་བསྒོམས་པའི་དགོས་པ་དང་ས་མཚམས་དང་ཇི་ལྟར་སྒོམ་པ་འདི་རྣམས་རིམ་པ་དང་པོའི་གདམས་ངག་ཕུལ་བྱུང་དུ་སྣང་བའི་ཕྱིར་རོ།།

            སྟེང་སྒོའི་ཕྲ་མོ་བརྟན་པ་ན་ལུས་སེམས་ཤིན་ཏུ་སྦྱངས་པ་འཐོབ་པར་ཤཱཀྱ་བཤེས་གཉེན་གྱིས་བཤད་ལ། དེ་ས་སྡེ་ལ་སོགས་པའི་གཞུང་ཆེ་བ་མང་པོར་ཞི་གནས་རྙེད་པའི་སྐབས་ལ་བཤད་པས། དེའི་ཚེ་ཞི་གནས་གྲུབ་པ་ཡིན་ནོ།། དེ་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྤྲོ་བསྡུ་ཡང་ཡང་བྱེད་པ་ནི། གཞུང་གཞན་དང་བསྟུན་ན་ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་སྐྱོང་བ་དང་འདྲ་བས་དེ་ལྟར་བྱས་པ་དེས་ཞི་ལྷག་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ཕུལ་ཕྱིན་རྙེད་དོ།། དེ་ལྟ་བུའི་རྣལ་འབྱོར་བརྟན་པ་ན་བསྐྱེད་རིམ་མཐར་ཕྱིན་པར་འཇོག་པ་ནི་གསང་འདུས་པ་གཉིས་ཀྱི་ལུགས་སོ།། ཞེས་གནས་སྐབས་དང་པོ་གཉིས་སུ་ཕྲ་ཐིག་སྒོམ་པ་ནི་བྱིང་རྒོད་གཅོད་པའི་ཆེད་དང་ཕྲ་ཐིག་ལ་དྲིལ་ནས་སེམས་གནས་པ་སྒྲུབ་པ་གནས་སྐབས་གསུམ་པ་ན་བྱེད་པ་དང་། དེ་ཡང་སྟེང་སྒོའི་ཕྱག་མཚན་ཕྲ་མོ་ལ་བརྟན་པ་བསླབ། དེ་ལོབ་ནས་སྤྲོ་བསྡུ་དང་དེ་ལ་བྱང་ནས་དེ་ལས་ལྷ་སྤྲོ་བ་སོགས་ལ་བསླབས་ནས་འོག་གི་ཐིག་ལེ་ཕྲ་མོ་ལ་དེ་བཞིན་དུ་ལོབ་པའམ། ཡང་ན་སྟེང་གི་ཕྱག་མཚན་བརྟན་པ་དང་དེ་ནས་འོག་གི་ཕྲ་ཐིག་ལ་བརྟན་པ་བསླབ། དེ་ནས་སྟེང་གི་མཚན་མ་སྤྲོ་བསྡུ་དང་དེ་ལ་བྱང་ནས་འོག་གི་ཐིག་ལེ་ཕྲ་མོ་སྤྲོ་བསྡུ་དང་དེ་ལས་ཚ་བོ་དང་ཡང་ཚའི་ཚུལ་དུ་བསླབ་པ་སྟེ། ཚུལ་མི་འདྲ་བ་གཉིས་གསུངས་ཀྱང་སྟེང་སྒོ་ཕྲ་མོ་ལ་བརྟན་པ་ན་ཞི་གནས་གྲུབ་པ་དང་། དེ་ནས་སྤྲོ་བསྡུ་ཡང་ཡང་བྱེད་པ་གཞུང་གཞན་གྱི་ལྷག་མཐོང་སྒྲུབ་པ་དང་མཐུན་པས་དེ་ལྟར་བྱས་པ་དེས་ལྷག་མཐོང་འགྲུབ་པ་དང་། དེ་འདྲའི་ཞི་ལྷག་ཟུང་འབྲེལ་བརྟན་པ་ན་བསྐྱེད་རིམ་མཐར་ཕྱིན་འཇོག་པ་གསང་འདུས་པ་གཉིས་ཀའི་ལུགས་སུ་གསུངས་པས་བསྐྱེད་རིམ་གྱི་སྐབས་ཞི་ལྷག་གཉིས་རིམ་པ་བཞིན་ངེས་པར་འོང་དགོས་ཏེ།

རྩ་རྒྱུད་ལས། རིན་ཆེན་བརྟན་པར་གྱུར་ནས་སྤྲོ།།
              བརྟན་པར་མ་གྱུར་ཡོང་མི་སྤྲོ།།
            ཞེས་གསུངས་པ་ལྟར་སྤྲོ་བསྡུ་བརྟན་པ་ཐོབ་པའི་རྗེས་ནས་ངེས་པར་བྱ་དགོས་ཤིང་། སྟེང་སྒོ་ཕྲ་མོ་ལ་བརྟན་པ་ན་ཞི་གནས་ཐོབ་པ་དང་། ལྷག་མཐོང་སྤྲོ་བསྡུ་བྱེད་པ་སོགས་ལས་ཐོབ་དགོས་པ་གོང་དུ་དྲངས་པ་ལས་ཤེས་སོ།། དེས་ན་དཔལ་ལྡན་ཆོས་རྗེའི་ས་ལམ་དུའང་དེ་ལྟ་བུའི་རྣལ་འབྱོར་བརྟན་པ་ན་བསྐྱེད་རིམ་མཐར་ཕྱིན་པ་འཇོག་པ་གསང་འདུས་པ་གཉིས་ཀྱི་ལུགས་སོ་ཞེས་པ་འདི་དྲངས་ནས་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་དང་མཐར་ཕྱིན་པ་སོ་སོར་མེད་པ་བསྒྲུབས་པ་ནི། ལུང་འདིའི་དགོངས་པར་མ་སོང་སྟེ། འདིས་ནི་སྟེང་སྒོ་ཕྲ་མོ་ལ་བརྟན་པ་ན་ལུས་སེམས་ཤིན་ཏུ་སྦྱངས་པའི་ཞི་གནས་ཐོབ་པ་དང་། དེ་ནས་སྟེང་འོག་གི་དམིགས་རྟེན་ལ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་སྤྲོ་བསྡུ་ཡང་ཡང་བྱས་པ་ལས་ལྷག་མཐོང་དང་། འདི་འདྲའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ལ་བརྟན་པ་ཐོབ་པ་ན་བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་པ་འཇོག་པའི་དོན་དུ་སྣང་བས་སོ།། དེས་ན་ལུང་དེ་བརྟན་པ་ཐོབ་པ་དང་མཐར་ཕྱིན་པ་གཉིས་འདམ་ག་ཅན་དུ་འཇོག་པའི་ཤེས་བྱེད་མིན་གྱི་སོ་སོར་འཇོག་པའི་རྒྱུ་མཚན་དུ་འགྲོ་བ་ཡིན་ནོ།།
            གལ་ཏེ་སྟེང་གི་ཕྱག་མཚན་ཕྲ་མོ་ལ་རེག་མཐོང་གི་མཚན་མ་རྙེད་པའམ་ཉིན་ཞག་གཅིག་གི་དྲུག་ཆ་གཅིག་བསྐྱངས་ནུས་པའི་མཚམས་ནས་དེ་ལ་བརྟན་པ་ཐོབ་པ་ཡིན་ལ། སྐབས་དེར་ཞི་གནས་ཐོབ་པ་འཇོག་ན་རང་གི་དམིགས་པ་ལ་ཇི་ལྟར་འདོད་འདོད་བཞིན་དུ་མཉམ་པར་འཇོག་ནུས་པར་འགྱུར་བས་མི་འཐད་ལ། གལ་ཏེ་ཁྱབ་པ་མེད་དོ་སྙམ་ན་ཞི་གནས་ཀྱི་མཚན་ཉིད་ཉམས་པར་འགྱུར་རོ།། དེས་ན་སྟེང་འོག་གི་ཕྲ་བའི་དམིགས་རྟེན་གཉིས་ལ་བརྟན་པ་ཐོབ་པ་དང་། དེ་ནས་དེ་གཉིས་ལས་སྤྲོ་བསྡུ་བྱེད་པ་རིམ་བཞིན་སྦྱངས་པ་ལས་ནམ་ཞིག་ནས་ལོ་ཟླ་སོགས་ཇི་ཙམ་འཇོག་ཀྱང་བྱིང་རྒོད་མེད་ཅིང་གསལ་ལ་བརྟན་པར་གནས་པ་ན། ལུས་སེམས་ཤིན་སྦྱངས་དྲངས་ཏེ་ཞི་གནས་གྲུབ་ཅིང་བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་པ་ཡིན་ལ། དབང་པོའི་ཁྱད་པར་གྱིས་གང་ཟག་འགའ་ཞིག་ལ་མཚམས་འདི་ནས་ཞི་ལྷག་ཅིག་ཅར་དུ་ཐོབ་པའང་ཡོད་དོ་ཟེར་ན། སྤྱིར་འདི་དག་ཤིན་ཏུ་དཀའ་བའི་གནས་སུ་འདུག་པས་ཁ་ཚོན་གཅོད་དཀའ་ཡང་རྗེའི་གསུང་ཟིན་དང་བསྟུན་ནས་ཅུང་ཟད་དཔྱད་ན། དེ་ལྟར་ན་མདོ་སྔགས་གང་གི་སྐབས་ལའང་ཞི་ལྷག་གི་ངོ་བོ་ཙམ་ལ་ཁྱད་པར་མི་འཐད་པས་རྣལ་འབྱོར་རྒྱུད་ཀྱི་ལུགས་ལའང་སྟེང་གི་སྣ་རྩེའི་རྡོ་རྗེ་ཕྲ་མོ་ལ་དམིགས་པ་བརྟན་པ་ནའང་ཞི་གནས་ཐོབ་པ་འཇོག་མི་ནུས་པ་འདོད་དགོས་ན་དེ་ཡང་མི་འཐད་དེ། ལམ་རིམ་འབྲིང་བ་ལས། འོ་ན་དེ་འདྲ་བའི་ཞི་ལྷག་རིམ་ཅན་དུ་སྐྱེད་ཚུལ་དེ་ཐེག་པ་ཆེ་ཆུང་དང་མདོ་སྔགས་གང་གི་དབང་དུ་བྱས་པ་ཡིན་ཞེ་ན། འདི་ནི་ཉན་རང་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་ཆེན་པ་གཉིས་དང་། དེ་ཡང་གྲུབ་མཐའ་བཞིའི་ཐུན་མོང་བ་ཡིན་ལ། སྔགས་ཀྱི་རྒྱུད་སྡེ་གསུམ་ལའང་འདྲ་བར་རྒྱུད་སོ་སོ་དང་དེ་དག་གི་འགྲེལ་མཛད་ཆེན་པོའི་བཞེད་པར་སྔགས་ཀྱི་ལམ་གྱི་རིམ་པར་བཤད་ཟིན་ཏོ།། ཞེས་ཞི་ལྷག་རིམ་ཅན་དུ་བསྒྲུབ་དགོས་པ་ཐེགས་པ་གསུམ་དང་གྲུབ་མཐའ་བཞི་གར་ཐུན་མོང་བ་དང་། རྒྱུད་སྡེ་འོག་མ་གསུམ་ཡང་དེ་དང་མཚུངས་པས་ཇི་ལྟར་སྒྲུབ་ཚུལ་གྱི་རིམ་པ་སྔགས་རིམ་ཆེན་མོར་བཤད་ཟིན་ཏོ་ཞེས་གསུངས་པས་རྒྱུད་སྡེ་གསུམ་གྱི་ཞི་ལྷག་སྒྲུབ་ཚུལ་སྔགས་རིམ་ཆེན་མོར་སོ་སོའི་ཐད་དུ་གསལ་བ་ལྟར་འདོད་དགོས་སོ།།
            དེས་ན་སྔགས་རིམ་ཆེན་མོར་རྣལ་འབྱོར་རྒྱུད་ཀྱི་ཐད་དུ་དེ་གཉིས་དང་བྲལ་བའི་ས་ཚིགས་ཤེས་པར་བྱས་ནས་བསྐྱངས་པས་རྡོ་རྗེ་ཕྲ་མོ་བརྟན་པར་གྱུར་པ་ན། སྣའི་རྩེ་མོའམ་དེ་ལས་གཞན་པའི་ལུས་ཀྱི་ཕྱོགས་སུ་བདེ་བ་བསྐྱེད་པའི་རེག་པ་སྟེ་རེག་བྱའི་ཁྱད་པར་གང་གིས་ལུས་དགེ་བའི་བྱ་བ་ལ་བཀོལ་བ་ལ་ལས་སུ་མི་རུང་བའི་ལུས་ཀྱི་གནས་ངན་ལེན་ལ་སོགས་པ་སེལ་བར་ནུས་པའི་ལུས་ཤིན་སྦྱངས་སྐྱེའོ།། ལུས་ཀྱི་གནས་ངན་ལེན་དང་བྲལ་ན་ལུས་ལས་སུ་རུང་བར་འགྱུར་ཏེ་མངོན་པར་བརྩོན་པར་བྱེད་ནུས་སོ།། ལུས་ཤིན་ཏུ་སྦྱངས་པས་ནི་སེམས་ཤིན་སྦྱངས་སྐྱེད་དེ་ལུས་ཤིན་ཏུ་སྦྱངས་པས་བདེ་བ་མྱོང་བར་འགྱུར་ལ། བདེ་བ་དང་ལྡན་པས་ནི་སེམས་རྩེ་གཅིག་པར་འགྱུར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། ཞེས་ཕྲ་མོའི་དམིགས་པ་ལ་བརྟེན་ནས་སེམས་རྩེ་གཅིག་པའི་ཞི་གནས་སྐྱེ་ཚུལ་ཀོ་ས་ལའི་རྒྱན་ལས་གསལ་བར་གསུངས་སོ།། ཞེས་སྟེང་གི་རྡོ་རྗེ་ཕྲ་མོ་ལ་བརྟན་པར་གྱུར་པ་ན་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་སྐྱེད་དེ་སེམས་རྩེ་གཅིག་པའི་ཞི་གནས་ཐོབ་པ་ཁུངས་དང་བཅས་པ་གསུངས་པ་འདི་ཁས་མི་ལེན་ན་འདི་པའི་ཞི་གནས་དང་ལྷག་མཐོང་སྒྲུབ་པའི་ཚུལ་ཁུངས་དང་བཅས་པ་ཇི་ལྟར་ཡིན་སྟོན་ཤིག །

དེས་ན་དུམ་བུ་དང་པོ་ལས།
            རྡོ་རྗེ་ཕྲ་མོ་བདེ་རེག་པའི།།
            མཚན་མ་གལ་ཏེ་བྱུང་བ་ན།།
            མཚན་མ་དེ་ནི་ཁྱབ་བྱ་བ།།
            སེམས་ནི་ཀུན་ཏུ་ཁྱབ་པར་བྱ།།
            ཇི་ཙམ་འདོད་པས་སེམས་ཁྱབ་ནས།།
            ཁམས་གསུམ་དུ་ཡང་ཁྱབ་པར་འགྱུར།།
 ཞེས་ཕྱག་མཚན་ལ་བརྟན་པའི་མཚམས་ནས་དེ་ལས་གཅིག་དང་། གཅིག་ལས་གཉིས་སྤྲོ་བ་སོགས་བར་སྣང་ཁྱབ་པར་སྤྲོས་ཏེ། ཡང་རིམ་བཞིན་གཅིག་ཏུ་བསྡུ་བ་སོགས་སྤྲོ་བསྡུ་སྣ་ཚོགས་ལ་རྩལ་སྦྱོང་བ་འདི་གཞུང་གཞན་གྱི་ལྷག་མཐོང་སྒྲུབ་པ་དང་འདྲ་བར་སེམས་ལས་རུང་གི་རྒྱུ་ཁྱད་པར་ཅན་ཡིན་པས་གནས་པ་ཁོ་ན་སྐྱོང་བ་དང་སྟོབས་མི་གཅིག་པར་གསུངས་པ་ནི་ལྷག་མཐོང་སྒྲུབ་ཚུལ་ཡིན་པས་རྣལ་འབྱོར་གྱི་རྒྱུད་ཞི་ལྷག་རིམ་ཅན་དུ་འོང་བའི་ཚུལ་ནི་དེ་ཡིན་ནོ།། རྣལ་འབྱོར་རྒྱུད་ཀྱི་ལུགས་ལ་དེ་ལྟར་ཡིན་དུ་ཆུག་ཀྱང་བླ་མེད་བསྐྱེད་རིམ་གྱི་སྐབས་སུ་ཚུལ་དེ་དང་ག་ལ་འདྲ་སྙམ་ན། འདི་ཡང་སྔགས་རིམ་ཆེན་མོར་དེ་ཉིད་བསྡུས་པ་རྩ་འགྲེལ་ལས་ཕྲ་མོའི་རྣལ་འབྱོར་རྒྱས་པར་བཤད་པ་འདི་ལ་གོ་བ་ཆགས་ན། གསང་འདུས་འཕགས་སྐོར་སོགས་ཀྱི་མངོན་རྟོགས་ཀྱི་སྐབས་སུ་གནས་ཆ་དང་པོར་སྒྲུབ་པ་དང་གྲུབ་ནས་རྩལ་སྦྱོང་བ་མང་པོ་ལ་ཁྱད་ཆེ་བར་སྣང་ངོ་།། ཞེས་ཚུལ་འདི་དང་བསྐྱེད་རིམ་ཕྲ་མོའི་གནས་ཆ་སྒྲུབ་པ་དང་གྲུབ་ནས་རྩལ་སྦྱོང་བ་སོགས་འདྲ་བར་གསུངས་པའི་ཕྱིར་དང་། རྣལ་འབྱོར་གྱི་རྒྱུད་དུ་སྟེང་སྒོ་ཕྲ་མོ་ལ་བརྟན་པ་ཐོབ་ནས་ཞི་གནས་འགྲུབ་ན་བླ་མེད་བསྐྱེད་རིམ་སྐབས་སུའང་དེ་ལྟར་མི་སྒྲུབ་པའི་རྒྱུ་མཚན་གཞན་མེད་པ་དང་གྲུབ་དབང་ཀློང་རྡོལ་བླ་མས་ཀྱང་།
རགས་པ་དྲན་པ་གཅིག་པ་ནི།།
ཕྲ་ཐིག་མ་ཡིན་ཕྲ་ཐིག་གི །
སྦྱོར་བ་ཡིན་པས་མདོ་ལས་ཀྱང་།།
བཤད་པའི་སེམས་གནས་བརྒྱད་པའི་ཚོད།།
བསྐྱེད་རིམ་རགས་པ་འགྲུབ་པ་དང་།།
དུས་མཉམ་ཡིན་ནོ་མགོན་དེས་གསུངས།།
ཕྲ་ཐིག་ཡིན་ན་ཞི་གནས་ནི།།
ངེས་པར་རྙེད་པ་དགོས་པ་ཡིན།།
དེ་ལྟར་ལྡན་པའི་སྔགས་པ་ནི།།
བསྐྱེད་རིམ་ཕྲ་མོའང་འགྲུབ་པ་ཡིན།།
        ཞེས་གསུངས་པས་བསྐྱེད་རིམ་རགས་པ་ལ་བརྟན་པ་ཐོབ་པ་ནས་བསྐྱེད་རིམ་ཐོབ་པ་འཇོག་དགོས་པ་ལྟར་ཕྲ་མོ་ལའང་བརྟན་པ་ཐོབ་ནས་བསྐྱེད་རིམ་ཕྲ་མོ་ཐོབ་པ་འཇོག་མི་འཇོག་གི་ཁྱད་པར་མི་འཐད་པ་དང་། བསྐྱེད་རིམ་ཕྲ་མོ་ལ་ངེས་པར་ཞི་གནས་རྙེད་དགོས་པར་གསུངས་པས་སོ།། བསྐྱེད་རིམ་རགས་པའི་སྐབས་སེམས་གནས་བརྒྱད་པའི་ཚོད་དུ་སླེབས་པ་རྒྱལ་དབང་བདུན་པས་གསུངས་པ་ལྟར་འདོད་ན་ཕྲ་ཐིག་ལ་བརྟན་པ་ཐོབ་མཚམས་ཞི་གནས་དངོས་སྒྲུབ་པ་མི་འཐད་པ་ཅུང་ཟད་ཀྱང་མེད་དམ་སྙམ་མོ།། དེས་ན་སྟེང་སྒོ་ཕྲ་མོ་བརྟན་པ་ན་འོག་སྒོ་ཕྲ་མོའང་དམིགས་པ་བརྗེ་བ་ཙམ་ལས་བརྟན་པ་ཐོབ་པ་དཀའ་ཚེགས་མེད་པ་དང་དེ་ལས་སྤྲོ་བསྡུ་བྱས་པས་ལྷག་མཐོང་སྒྲུབ་པ་དང་མཐར་ཕྱིན་པའི་ས་ཚིགས་སྔགས་རིམ་ལས་ཤེས་ནུས་སོ།།
            ཕྲ་ཐིག་ལ་ལོ་དང་ཟླ་བ་སོགས་ཇི་ལྟར་འདོད་འདོད་བཞིན་དུ་མཉམ་པར་འཇོག་ནུས་པ་ན་བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་པ་ནས་ཡིན་པས། ཐོག་མར་ཞི་གནས་གྲུབ་མཚམས་ལོ་ཟླ་སོགས་ཇི་ལྟར་འདོད་འདོད་བཞིན་མཉམ་པར་འཇོག་ནུས་པ་མི་དགོས་ཀྱང་། ཇི་ཙམ་མཉམ་པར་བཞག་པའི་རིང་བྱིང་རྒོད་ཀྱི་སྐྱོན་མེད་པར་འདོད་པ་བཞིན་དུ་འཇོག་ནུས་པ་ཞིག་ནི་དགོས་སོ།།
ཕྱོགས་རིས་ཀྱོག་པོའི་རྗེས་སུ་མ་འབྲངས་པར།།
གཟུར་གནས་གཞུང་ཐིག་དྲང་པོའི་ལམ་ཞུགས་ཏེ།།
ལུང་རིགས་འོད་བརྒྱ་འཚེར་བའི་སྒྲོན་མེ་འདིས།།
བདག་གི་སྨྲ་བའི་སྒོ་ཡང་དོན་ཡོད་བྱེད།།
ཅེས་བྱ་བ་ནི་ངལ་གསོ་བའི་གཏམ་མོ།། རྒྱུད་སྡེ་འོག་མ་སོགས་དང་མི་འདྲ་བར་བླ་མེད་ཀྱི་སྐབས་འདིར་ཞི་ལྷག་ཅིག་ཅར་དུ་ཐོབ་པ་ཡོད་པར་གསུངས་པ་བསྐྱེད་རིམ་གྱི་སྐབས་སུ་མིན་པར་རྫོགས་རིམ་ཐོབ་པ་ནས་འཇོག་དགོས་ཏེ། བྱང་ཆུབ་ལམ་རིམ་འབྲིང་བ་ལས། འོག་ནས་འཆད་པའི་དམིགས་བསལ་ཅན་མ་གཏོགས་པ། ཕར་ཕྱིན་གྱི་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་གྱི་སྐབས་སུ་ནི། བདག་མེད་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བའི་དཔྱད་སྒོམ་མ་བྱས་པར་ལྷག་མཐོང་བསྒོམས་བྱུང་གི་རྟོགས་པ་མི་སྐྱེ་བས་དཔྱད་སྒོམ་དགོས་སོ།། ཞེས་ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་ཞི་ལྷག་རིམ་ཅན་དུ་འོང་བའི་རྒྱུ་མཚན་གསུངས་ནས། བླ་མེད་དམིགས་བསལ་ཅན་དུ་གསུངས་པའི་རྒྱུ་མཚན་འོག་ནས་འཆད་པ་འདི་ཡིན་ཏེ། ཡང་དེ་ཉིད་ལས། རང་གི་ལུགས་ནི་རྣལ་འབྱོར་བླ་མེད་ཀྱི་སྐབས་སུ་ཡང་ལྟ་བའི་གོ་བ་སྐྱེད་ལུགས་དབུ་མའི་གཞུང་ནས་འབྱུང་བ་ལྟར་བྱ་དགོས་ལ། སྐྱོང་ལུགས་ལ་བསྐྱེད་རིམ་དང་རྫོགས་རིམ་གྱི་རྗེས་ཐོབ་ཀྱི་སྐབས་འགའ་ཞིག་ཏུ་དེ་ཁོ་ན་ཉིད་ལ་དཔྱད་ནས་ཡིད་ལ་བྱེད་པ་ཡོད་ཀྱང་ལུས་ལ་གནད་དུ་བསྣུན་པའི་ནུས་པ་ཐོབ་པའི་རྫོགས་རིམ་པས་མཉམ་གཞག་ཏུ་དེ་ཁོ་ན་ཉིད་སྐྱོང་བ་ན་ལྟ་ཐོག་ཏུ་བཞག་ནས་སྒོམ་པ་ངེས་པར་དགོས་ཀྱང་ལྷག་མཐོང་གི་དཔྱད་སྒོམ་གཞུང་གཞན་ནས་འབྱུང་བ་ལྟར་མི་བྱེད་དོ།། ཞེས་གསུངས་པའི་དོན་ནི། བསྐྱེད་རིམ་རགས་པ་གྲུབ་ནས་ཕྲ་མོ་མ་བསྒོམས་པར་རྫོགས་རིམ་གྱི་དམིགས་པ་སྐྱོང་ཚུལ་གྱིས་ལུས་ལ་གནད་དུ་བསྣུན་པས་རླུང་ཞུགས་གནས་ཐིམ་པ་ལས་དྲངས་པའི་ལྷན་སྐྱེས་ཀྱི་བདེ་བའི་ཡུལ་ལ་འཇུག་པ་ན་དཔྱད་པ་མ་བྱེད་ཀྱང་ལྷག་མཐོང་གི་ངོ་བོ་ཚང་བའི་ཞི་ལྷག་ཅིག་ཅར་དུ་འོང་བའི་དོན་ཡིན་ནོ།། སྤྱིར་ལྷག་མཐོང་དགོས་པ་ནི་རང་གི་བསྒོམ་བྱའི་དོན་དེ་ལ་ངེས་པ་ཤུགས་དྲག་ལ་ཤིན་ཏུ་བརྟན་པ་སྐྱེ་བའི་ཆེད་ཡིན་ཏེ། ལམ་རིམ་འབྲིང་བ་ལས། བྱེ་བྲག་ཏུ་ཁམས་གོང་འོག་གི་སྐྱོན་ཡོན་སོ་སོར་འབྱེད་པའི་ཞི་རགས་ཀྱི་རྣམ་པ་ཅན་དང་། བདག་མེད་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བའི་བདག་མེད་ཀྱི་རྣམ་པ་ཅན་གྱི་ལྷག་མཐོང་སྒོམ་པ་ནི། ངེས་པ་ཤུགས་དྲག་ལ་བརྟན་པ་སྐྱེ་བ་ལ་དགོས་པས། སོ་སོའི་སྤང་བྱ་སྤོང་བ་ལ་མཐུ་ཆེ་བ་ཡིན་ནོ།། ཞེས་གསུངས་པས། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་པའི་བདེ་ཆེན་ཡེ་ཤེས་ཀྱིས་སྟོང་ཉིད་ངེས་པ་ནི་བློ་རགས་པའི་སྟོང་ཉིད་ལ་དཔྱད་ནས་སྒོམ་པའི་ལྷག་མཐོང་ལས་ངེས་པ་འདྲེན་ཚབ་དང་སྤོང་བྱ་སྤངས་པའི་ནུས་པ་ཆེ་བས། དེའི་སྐབས་སུ་དཔྱད་ནས་སྒོམ་པ་མེད་ཀྱང་། ལྷག་མཐོང་ཐོབ་པ་ལ་འགལ་བ་མེད་དོ།། གྲུབ་དབང་ཀློང་རྡོལ་རིན་པོ་ཆེའི་གསུང་ལས།
བསྐྱེད་རིམ་རགས་པ་སྔོན་སོང་ནས།།
རྫོགས་རིམ་རླུང་སེམས་བསྡུས་སྟོབས་ཀྱིས།།
དགའ་བཞི་ལུགས་འབྱུང་ལྷན་སྐྱེས་བདེ།།
ཐོག་མར་ཐོབ་དང་ཞི་གནས་དང་།།
ལྷག་མཐོང་ཐོབ་པ་དུས་མཉམ་ཡིན།།
དེ་བས་འབད་པས་རྫོགས་རིམ་སློབ།།
ཅེས་དང་། ཡང་དེ་ཉིད་ལས།

དེ་འདྲའི་བསྐྱེད་རིམ་རགས་པ་ནི།།
གྲུབ་ནས་རྫོགས་རིམ་ཞུགས་ན་བཟང་།།
སྙིགས་དུས་མི་རྣམས་ཚེ་ཐུང་བས།།
བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་ནས།།
ཐུན་མོང་དངོས་གྲུབ་གྲུབ་ཆེན་བརྒྱད།།
བསྒྲུབ་པའི་ལོངས་སྐབས་མི་འདུག་གསུངས།།
ཞེས་གསུངས་པའི་ཕྱིར་རོ།། དེ་བཞིན་དུ། རིམ་ལྔ་གསལ་སྒྲོན་ ༨༠ ལས། འོན་ཀྱང་དགའ་བ་བཞི་པ་ལྷན་སྐྱེས་ཀྱི་དགའ་བ་དང་། སྟོང་པ་བཞི་པ་འོད་གསལ་ཤར་ནས་བདེ་སྟོང་སྦྱོར་བའི་དུས་སུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱོད་པ་འདིར་མི་བྱེད་ཀྱི། མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ཀྱི་སྐབས་སུ་དེ་ལྟར་བྱེད་པའོ།། མོས་སྤྱོད་པས་ལྷག་མཐོང་མཉམ་གཞག་ཏུ་སྦྱོར་བ་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད་ནས་སྐྱོང་བར་ཕར་ཕྱིན་ཐེག་པ་ནས་གསུངས་པ་དང་འདི་གཉིས་མི་འདྲའོ།། ཞེས་པའི་དོན་ཡང་ལེགས་པར་གོ་བ་ཡིན་ནོ།།

སྨྲས་པ།

ཁེ་གྲགས་དྲི་མའི་འདམ་གྱིས་མ་སྦགས་ཤིང་།།
ཕྱོགས་ལྷུང་ཆར་ཆུའི་རྫིང་བུ་འཁྱིལ་བ་མིན།།
དྭངས་གསལ་ལུང་རིགས་བདུད་རྩིའི་མཚོ་མོ་འདིར།།
ལེགས་བཤད་ཟླ་བའི་གཟུགས་བརྙན་ཅི་ཡང་བཀྲ།།

འདིས་མཚོན་རྣམ་དཀར་ཇི་སྙེད་བསགས་པ་དེས།།
སྐྱེ་བ་ཀུན་ཏུ་མདོ་སྔགས་ཐུབ་པའི་བསྟན།།
འཛིན་སྐྱོང་སྤེལ་ལ་འཇམ་མགོན་བླ་མ་ཡི།།
མཛད་པའི་འཕྲིན་ལས་ཀུན་ནས་མཚུངས་པར་ཤོག །