པར་བཤུ།
སྡེ་ཚན། ༧གོང་ས་མཆོག
ཀློག་གྲངས། 969

དེ་རིང་འདིར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་མཚུངས་མེད་ཆོས་ཀྱི་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང། དབུ་བཞུགས་ཆོས་རྗེ་རྣམ་པ་གཉིས། དེ་བཞིན་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་མཁན་བླ་ལས་ཟུར་དང་། གྲྭ་སའི་མཁན་ལས་ཟུར། འདི་གར་ཆེད་དུ་ཕེབས་པའི་སྐུ་མགྲོན་སྤྱི་འཐུས་དང་ལས་བྱེད། ཁྱེད་རང་ཚོ་ཚང་མ་གདན་འཛོམས་པའི་སར་ཞུ་རྒྱུར། ཁྲི་རིན་པོ་ཆེས་གསུང་བཤད་གནང་བ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ལོ་ཉིས་སྟོང་དྲུག་བརྒྱ་ལྷག་ཕྱིན་པ་རེད། དེའི་རིང་ལ་སངས་རྒྱས་ཀྱི་བསྟན་པ་རྒྱ་གར་འཕགས་པའི་ཡུལ་ལ་ཆ་བཞག་ན་དར་རྒུད་མང་པོ་ཞིག་བྱུང་ཡོད་པ་རེད། ད་ལྟ་རྟག་ཞི་ཤཱི་ལ་དང། ནཱལེནྡྲ། བི་ཀྲ་མ་ལ་ཤཱི་ལ་ཞེས་པ་དེ་དག་གྱང་གོག་ཅིག་མ་གཏོགས་གང་ཡང་ལྷག་མེད།

དེ་ནས་ཐེག་པ་ཆེན་པོ་སྔགས་དང་བཅས་པའི་ཆོས་བརྒྱུད་རྒྱ་ནག་ནས་འབར་མ་དང་། ཐའེ་ལན་གསུམ་ལ་པཱ་ལིའི་ཆོས་བརྒྱུད་གཙོ་བོར་བྱས་ཏེ་ལོ་སྟོང་ཕྲག་རིང་བསྟན་པ་ལ་དར་རྒུད་སྣ་ཚོགས་བྱུང་ཡོད། ཡིན་ན་ཡང་བསྟན་པ་ད་བར་གནས་ཏེ་བསྡད་ཡོད་པ། དཔལ་ནལེནྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་གྱུར་གྱི་ནང་ལའང་། ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་སྐུ་མཆེད། དེ་དག་གིས་ཟབ་པ་དང་རྒྱ་ཆེ་བའི་གཞུང་དོན་གཏན་ལ་འབེབས་པའི་སྐབས་སུ་ཚད་མ་རིག་པའི་ལམ་ལ་བརྟེན་ནས་གཏན་ལ་ཕབ་ཡོད། དེ་ནས་ཚད་མའི་གཞུང་ཕྱོགས་གླང་ཆོས་གྲགས་དང་། ཕྱིས་སུ་མཁན་ཆེན་ཞི་བ་འཚོ་དང་ཀ་མ་ལ་ཤཱི་ལ་རྣམ་གཉིས་བཅས་ཡོད་པ། དེ་ལྟར་རིགས་པའི་ལམ་ནས་ཟབ་པ་དང་རྒྱ་ཆེ་བའི་ལམ་གཏན་ལ་འབེབས་ཚུལ་དེ་བོད་གཅིག་པུར་མ་གཏོགས་ཕལ་ཆེར་མི་འདུག །འཛམ་བུ་གླིང་འདིའི་ཐོག་དེང་སང་ཕལ་ཆེར་ནང་པ་དུང་ཕྱུར་བཅུ་གྲངས་ཤིག་མེད་དམ། དེའི་ནང་ནས་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་མཛད་པའི་གཞུང་དེ་དག་ལ་ལོ་ཉི་ཤུ་སུམ་ཅུ་རིང་ཐོས་བསམ་སློབ་གཉེར་བྱས་ནས་བསྟན་པ་འཛིན་མཁན་བོད་གཅིག་པུར་ཡིན། ང་ཚོ་བོད་ལ་ཆ་བཞག་ན། བོད་མི་ས་ཡ་དྲུག་བརྒལ་བ་ཞིག་ཡོད། སྤྱིར་བཏང་མང་ཚོགས་ཀྱིས་ནང་ཆོས་ལ་དད་པ་བྱེད་ཀྱི་ཡོད་ཀྱང་། དད་པ་བྱ་ཡུལ་གྱི་ཆོས་དེར་སློབ་སྦྱོང་བྱས་ནས་ཤེས་པ་བྱེད་དགོས་པ་ལས། སོ་སོའི་ཁྱིམ་ཚང་ནང་མཆོད་གཤོམ་མདུན་ཡོན་ཆབ་ཕུལ་བ་དེ་ཙམ་གྱིས་སངས་རྒྱས་པའི་ཆོས་དེ་ཐུན་མོང་མ་ཡིན་པའི་ཁྱད་དུ་འཕགས་པ་ཞིག་ཡིན་པར་ངོ་ཤེས་ཁག་པོ་རེད། དཔེར་ན། རྗེ་རིན་པོ་ཆེ་རང་ལ་ཆ་བཞག་ནའང་། སྟོན་པ་བཅོམ་ལྡན་འདས་ལ་རིང་ནས་སྐྱབས་སུ་སོང་ཡང་། ཡོན་ཏན་ཆ་ཙམ་མ་འཚལ་ཏོ།། ཞེས་གསུངས་ཡོད། ང་ཚོས་བཅོམ་ལྡན་འདས་ཞེས་མེས་པོ་ཚོའི་ངག་རྒྱུན་ཁ་ལ་འཇགས་ཏེ་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་དོན་དངོས་ཐོག་སངས་རྒྱས་ཞེས་པ་དེ་གང་འདྲ་ཞིག་ཡོད། བཅོམ་ལྡན་འདས་ཀྱི་དབུ་ལ་གཙུག་ཏོར་དང་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དེ་ཙམ་མ་ཡིན་པར། གཙོ་བོ་གསུང་རྗེས་དྲན་གྱི་ཆོ་འཕྲུལ་ལ་དཔྱད་པ་བྱས་ནས། སྟོན་པ་དང་བསྟན་པའི་ཁྱད་པར་ཤེས་པ་བྱེད་དགོས་པ་རེད། དེ་ལྟར་བརྟགས་ཤིང་དཔྱད་བྱས་ནས་ཤེས་མཁན་ནི་ཆེད་དུ་སློབ་གཉེར་གནང་མཁན་ཚོས་ཤེས་པ་ལས། གཞན་ཁག་པོ་ཡིན། སངས་རྒྱས་པའི་ཆོས་པ་ཞིག་ཡིན་པའི་ངོས་ནས་བཤད་པ་ཡིན་ན། བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱང་བསྟན་པ་ཡོངས་སུ་རྫོགས་པ་འདི། ངའི་བླ་མས་གསུང་གི་འདུག་ཟེར་བ་དེ་གཅིག་པུ་མིན་པར། རིགས་པའི་ལམ་ནས་རྒྱུ་མ་ཕུ་འདེད་བྱས་ཏེ་བཤད་རྒྱུ་ཡོད་པ་ཞིག་དང། རིགས་པའི་ལམ་ནས་གཏན་ལ་ཕབ་རྒྱུ་ཡོད་པ་ཞིག་ཡིན་སྟབས། དེང་སང་ཚན་རིག་པའི་ནང་ནས་དོ་སྣང་བྱེད་མཁན་མང་པོ་ཡོང་གི་འདུག དེ་ཡང་ཚན་རིག་པ་དངོས་གནས་སྙན་གྲགས་ཡོད་པ་དེ་ཚོས་སངས་རྒྱས་པའི་ཆོས་འདི་ཚན་རིག་གི་སྡེ་ཚན་ནམ་ཚན་རིག་དང་མཐུན་པ་ཞིག་རེད་འདུག་ཅེས་ཤོད་ཀྱི་ཡོད། ཁོང་ཚོ་ཕ་མེས་ནས་ནང་པ་མིན་སྟབས་རྨོངས་དད་བྱེད་ཀྱི་མ་རེད། དེ་འདྲའི་མཁས་པ་ཡིད་འཕྲོག་པའི་ཆོས་ཚུལ་ཞིག་ཆགས་ཡོད། ཡང་ངས་ནང་པ་སངས་རྒྱས་པའི་ཆོས་དེ་ཆོས་ལུགས་གཞན་ལས་ཡག་གི་རེད་ཅེས་ནམ་ཡང་བརྗོད་ཀྱི་མེད། ཡག་ཉེས་ཞེས་པ་དེ་སོ་སོར་ཕན་མ་ཕན་གྱི་ཐོག་ནས་བསམ་བློ་གཏོང་དགོས་པ་རེད། དཔེར་ན། སྨན་གཅིག་བདམས་ཏེ་སྨན་འདི་ཡག་ཤོས་རེད་ཅེས་བརྗོད་མི་ཐུབ། ན་ཚ་འགའ་ཤས་ལ་སྨན་དེ་ཡག་ཤོས་ཡིན་རུང་གཞན་ལ་གནོད་སྲིད་ཀྱི་རེད། དེར་བརྟེན་ནད་པའི་གནས་སྟངས་ལ་གཞིགས་ནས་ནད་འདི་ལ་སྨན་དེ་ཡག་ཤོས་རེད་ཅེས་བརྗོད་དགོས་པ་ལྟར། ང་ཚོ་སེམས་ཅན་གྱི་ཁམས་དང་མོས་པ་སྣ་ཚོགས་ཡོད་པའི་ནང་ལ། ཁམས་དང་མོས་པ་དེ་དང་དེ་ལ་འཚམས་པའི་ཆོས་དེ་ཟབ་ཤོས་ཆགས་ཀྱི་རེད། དེར་བརྟེན་ནང་པའི་ཆོས་འདི་འཛམ་བུ་གླིང་གི་ཆོས་ལུགས་ཚང་མའི་ནང་ནས་ཡག་ཤོས་རེད་ཅེས་ནམ་ཡང་བརྗོད་ཀྱི་མེད། ཡིན་ན་ཡང་ལྟ་གྲུབ་ཀྱི་ཐོག་ནས་བཤད་ན་ནང་པའི་ཆོས་དེ་རྒྱས་ཤོས་དང་ཟབ་ཤོས་རེད་ཅེས་ཤོད་ཀྱི་ཡོད། དེ་ལྟར་ལྟ་གྲུབ་ཀྱི་ཐོག་ནས་རྒྱུ་མཚན་གཅིག་དང་གཉིས་སུ་བགྲངས་ནས་བཤད་རྒྱུ་ཡོད་པ་ནང་པའི་ཆོས་ཀྱི་ཁྱད་ཆོས་གཙོ་བོ་ཡིན། ང་རང་ཚོ་ལ་དེ་ལྟ་བུའི་ཆོས་ཤིག་ཡོད་པ་འདི་མེས་པོ་ཚོས་དཀའ་ལས་བརྒྱབ་ནས་བསྐྲུན་པ་ཞིག་རེད། དཔེར་ན་ང་རང་ཚོའི་བོད་སྐད་ནང་བཀའ་འགྱུར་བསྟན་འགྱུར་བསྡོམས་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་རེད། མང་ཆེ་བ་རྒྱ་གར་སྐད་ནས་བསྒྱུར་པ་རེད། རྒྱ་ནག་སྐད་ནས་བསྒྱུར་པ་པོ་ཏི་བཅུ་བཅོ་ལྔ་ཙམ་ཡོད། དེང་སང་གི་སྐབས་སུ་ནང་ཆོས་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་མཁས་པ་ཚོས་མཛད་པའི་གཞུང་ལ་འགྲེལ་བཤད་རྒྱག་དགོས་བྱུང་ན་བོད་ཡིག་ནང་ཡོད་པ་འདི་ལས་ལྷག་པ་གཅིག་ཀྱང་མེད། དངོས་གནས་ཆོས་ཀྱི་གནས་ཚུལ་ཐོག་ནས་བཤད་ན། ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དེ་ཆ་ཚང་ཤོས་ཡིན། ཕལ་ཆེར་ཀླུ་སྒྲུབ་ཡབ་སྲས་དང་། ཕྱོགས་གླང་ཆོས་གྲགས། ཐོགས་མེད་སྐུ་མཆེད་བཅས་ད་ལྟ་འཛམ་བུ་གླིང་འདིའི་ཐོག་ཕེབས་པ་ཡིན་ན། ཕལ་ཆེར་ང་ཚོ་བོད་པ་ཚོ་ཆ་ཚང་ཤིག་རེད་ཅེས་ལེགས་སྐྱེས་ཨང་དང་པོ་དེ་གནང་གི་རེད་སྙམ་གྱི་འདུག །ང་རང་ཚོ་བོད་མི་རིགས་ལ་སངས་རྒྱས་པའི་ཆོས་དེ་སྤུས་དག་ཤོས་རེད་འདུག །བོད་མི་རིགས་ལ་མཐོང་སླེབས་རྒྱུར་སངས་རྒྱས་ཀྱི་ཆོས་འདི་ཧ་ཅང་ཕན་ཐོགས་བྱུང་ཡོད། གོང་དུ་ཆོས་རིག་བཀའ་བློན་ནས་གསུངས་པ་ལྟར་ང་ཚོ་དུས་ཚོད་དེ་འདྲ་ཞིག་གི་ཐོག་སླེབས་ཡོད་པ་རེད། དུས་རབས་བདུན་པ། བརྒྱད་པ། དགུ་པ་དེ་དག་གི་རྗེས་སམ་བོད་སིལ་བུར་འཐོར་རྗེས། ང་ཚོས་ཆབ་སྲིད་ཐོག་ནས་འཐུས་ཤོར་ཆེན་པོ་བཏང་སྟེ་ཆིག་སྒྲིལ་གྱི་སྟོབས་ཤུགས་ཉམས་ནས་ལུང་པ་རེར་དཔོན་ཆུང་རེ་དང་བླ་མ་རེ་རེས་བཟུང་སྟེ་བསྡད་པ་རེད། ཡིན་ན་ཡང་བོད་ཆོལ་ཁ་གསུམ་དང་སོག་པོ་ཕྱི་ནང་བཅས་པར་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཁྱབ་ནས། མི་རིགས་རང་འཚོ་ཟིན་ཐུབ་པ་ཞིག་བྱུང་ཡོད། མ་འོངས་པར་སངས་རྒྱས་ཀྱི་ཆོས་འདི་སློབ་སྦྱོང་བྱས་ནས་མུ་མཐུད་དར་ཞིང་རྒྱས་པ་ཡོང་བ་བྱེད་དགོས་པ་ལས། ལམ་དང་ལུགས་སྲོལ་ལྟ་བུ་བྱས་ནས་འཛིན་ཐུབ་རྒྱུ་མ་རེད། དངོས་གནས་སློབ་སྦྱོང་གི་ཐོག་ནས་སངས་རྒྱས་ཀྱི་ཆོས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བ་བྱེད་དགོས་པས། སྐྱ་སེར་ཕོ་མོ་དབྱེ་བ་མེད་པ་ཚང་མས་སློབ་སྦྱོང་བྱས་ཏེ། སེམས་ལ་ངོས་ཆ་འཕྲོད་པ་དང་གོ་བ་ཆགས་པའི་ཐོག་ནས་བསྟན་པར་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་བ་བྱེད་དགོས། དཔེར་ན་ཆོས་རིག་བཀའ་བློན་གྱིས་གསུངས་བཞིན་བར་སྐབས་བཙུན་མ་ཚུན་ལ་དགེ་བཤེས་མ་བཞག་རྒྱུའི་དུས་ལ་སླེབས་ཡོད། དེས་མཚོན་པའི་ང་ཚོ་བཙན་བྱོལ་ལ་སླེབས་ནས་དགོན་པ་རིགས་གཅིག་དེའང་སྔགས་པ་གྲྭ་ཚང་ཟེར་ནས་སྔགས་ཕྱོགས་ཆོ་ག་འདོན་པ་ལས། གཞུང་ཆེན་པོར་དེ་ཙམ་སློབ་སྦྱོང་མེད་པར་ཡོད་འདུག །སྔགས་ཆོག་དང་ལམ་རིམ་ལྟ་བུ་ཀློག་ནས་སྡོད་ཀྱི་ཡོད། ང་ཚོ་རྒྱ་གར་ལ་སླེབས་རྗེས་རྣམ་རྒྱལ་གྲྭ་ཚང་ནས་གཞུང་ཆེན་ཁག་བལྟ་འགོ་བཙུགས་པ་དང་། རྒྱུད་གྲྭ་སྟོད་སྨད་གཉིས་ལ་མཚོན་ན་རྒྱུད་གཞུང་གིས་མཚོན་པའི་དཔེ་ཆ་མང་པོ་ཞིག་བློ་འཛིན་བྱེད་དགོས་པའི་ཐོག་གཞུང་ཆེན་ཁག་ལ་བལྟ་དགོས་ཞེས་འབོད་སྐུལ་ཞུས་པ་ཡིན། འབོད་སྐུལ་ཞུས་པ་ལྟར་ཁྱེད་རང་ཚོས་ཧུར་ཐག་གིས་དཔེ་ཆ་བལྟས་ནས། ད་ཆ་ཚིག་ཁ་ནས་འདོན་རྒྱུ་ཡོད་པར་མ་ཟད། དོན་ལའང་བསམ་བློ་གཏོང་རྒྱུ་ཡོད་པ་བཅས་བར་སྐབས་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད། དེ་བཞིན་སློབ་གྲྭ་ཁག་གི་ནང་ཆོས་དགེས་དཔེ་ཆ་འདོན་རྒྱུ་བསླབ་པ་ཙམ་མ་ཡིན་པར། ཆོས་དགེས་སངས་རྒྱས་ཀྱི་ཆོས་ངོས་ཆ་འཕྲོད་པར་བསླབ་རྒྱུ་དང་། སངས་རྒྱས་ཀྱི་ཆོས་ངོས་ཆོ་འཕྲོད་དུས། སངས་རྒྱས་ཀྱི་ཆོས་ཞེས་པ་འདི་ཐར་པ་འཐོབ་པ་བྱ་རྒྱུ་ཞིག་ཡིན་པ་དང་། ཐར་པ་འཐོབ་པ་ཟེར་བ་འདི་སེམས་ཀྱི་སྟེང་ནས་ཡོང་གི་ཡོད་པ་རེད། ཐར་པ་ཞེས་པ་སེམས་ཀྱི་ཆོས་ཉིད་ཀྱི་སྟེང་ནས་བཞག་དགོས་པར་བརྟེན་སེམས་ཀྱི་རྣམ་གཞག་བཤད་ཡོང་གི་ཡོད། སངས་རྒྱས་ཀྱི་ཆོས་ཀྱི་ནང་སེམས་ཁམས་རིག་པའི་སྐོར་ཧ་ཅང་རྒྱས་པོ་ཡོད། དེ་གང་ཡིན་ཞེ་ན། སེམས་འདུལ་དགོས་པ་དང། དེ་འདུལ་བྱེད་ཀྱང་ཤེས་རབ་ཀྱི་ཐོག་ནས་ཡོང་གི་ཡོད་པ། དེ་ནི་སེམས་སམ་བློ་དང་རིག་པ་ཡིན་པ། གང་ལྟར་འདུལ་བར་བྱ་རྒྱུའི་སེམས་མ་དུལ་བའི་ཆ་དེ་ཕར་བསལ་ནས་སེམས་དུལ་བའི་ངོ་བོར་སྐྱེ་དགོས་པ་རེད། འདུལ་བྱ་དེ་ཡང་ཤེས་པ་ཁོ་རང་གི་སྟེང་ནས་ཡོང་དགོས་པ་རེད། སེམས་བཏུལ་ནས་མཐར་ཐུག་གི་རྣམ་མཁྱེན་གྱི་ཡེ་ཤེས་བསྒྲུབ་རྒྱུ་དེ་ཡང་ཤེས་པའི་རིགས་རེད། དེར་བརྟེན་ཤེས་པའི་རྣམ་གཞག་མང་པོ་ཞིག་མ་ཤེས་པར་ཡོང་ཐུབ་རྒྱུ་ཁག་པོ་ཡིན། དཔེར་ན། སྨན་ཟ་སྐབས་ན་ཚ་གང་ཡིན་པ་དེ་ཤེས་པའི་ཐོག་ནས་སྨན་ཟ་དགོས་པ་ལས། ན་ཚ་གང་ཡིན་པ་མ་ཤེས་པར་སྨན་ཟས་ན་མི་འགྲིགས། དེ་བཞིན་ཤེས་པའི་རྒྱུད་ཀྱི་སྟེང་ནས་སྐྱོན་གང་དང་གང་ཡོང་གི་ཡོད་པ། དེ་སེལ་བའི་ཐབས་དེ་ཡང་ཤེས་པའི་རྒྱུད་རང་གི་སྟེང་ནས་སེལ་ཐབས་བྱེད་དགོས་པ་ལས། ཤེས་རྒྱུད་ཀྱི་སྟེང་ལ་ཡོད་པའི་རང་འཕུང་བར་བྱེད་པའི་སྐྱོན་གྱི་བློ་དེ་དག་སྨན་རིལ་བུ་ཟས་ནས་དྲག་བསྐྱེད་དང་། བྱིན་རླབས་ཟས་ནས་མེད་པ་བཟོ་རྒྱུ་ཡོད་པ་མ་རེད། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོག་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། ཞེས་གསུངས་པ་ལྟར་ང་རང་ཚོས་བློ་སྦྱངས་ནས་འགྲོ་དགོས་པ་ལས། གཞན་གང་ཡང་བྱེད་རྒྱུ་མེད། བླ་མ་ལ་སྐྱབས་འཇུག་འདྲ་ཞུས་ནས་ཡོང་རྒྱུ་མེད་ལ། བཅོམ་ལྡན་འདས་ད་ལྟ་བཞུགས་ཡོད་ན་སྐྱབས་འཇུག་ཞུས་ཀྱང་ཁྱེད་རང་གིས་བློ་སྦྱོངས་གསུང་རྒྱུ་ལས། ཁྱེད་རང་གིས་གང་ཡང་བྱེད་མ་དགོས་པར་ངས་བྱིན་གྱིས་བརླབས་ནས་སངས་རྒྱས་ཐུབ་ཀྱི་རེད་ཅེས་ནམ་ཡང་གསུང་གི་མ་རེད། བདག་ཉིད་བདག་གི་མགོན་ཡིན་ཞེས་གསུངས་ཡོད། ང་རང་ཚོས་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སེམས་ཁམས་རིག་པ་དེ་ཚན་རིག་གི་སྡེ་ཚན་ཁོངས་བཞག་གི་ཡོད་པ་རེད། ནུབ་ཕྱོགས་ཀྱི་མཁས་པ་ཚོས་ནང་པའི་ཆོས་དེ་སེམས་ཀྱི་ཚན་རིག་རེད་འདུག་བརྗོད་ཀྱི་འདུག །བར་སྐབས་ང་ཚོས་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པའི་དེ་དག་བརྗོད་བྱའི་སྒོ་ནས་དུམ་བུ་གསུམ་དུ་དབྱེ་སྟེ་ཚན་རིག་གི་སྐོར་གྱི་སྡེ་ཚན་གཅིག་དང། ལྟ་གྲུབ་སྐོར་གྱི་སྡེ་ཚན་གཅིག །ནང་ཆོས་རང་གི་སྐོར་གྱི་སྡེ་ཚན་གཅིག་བཅས་སྡེ་ཚན་གསུམ་དུ་ཕྱེས་ཡོད། ནང་ཆོས་ནས་གསུངས་པའི་དངོས་ཁམས་རིག་པ་དང་། སེམས་ཁམས་རིག་པའི་སྐོར་དེ་དག་ཟུར་དུ་བཏོན་ནས་པར་རྒྱབ་སྟེ་བོད་ཡིག་ནང་ལ་ཐོན་ཚར་བ་རེད། དབྱིན་ཇི་དང་རྒྱ་ཡིག་དེ་བཞིན་སྐད་ཡིག་གཞན་པ་མང་པོ་ཞིག་གི་ནང་མགྱོགས་པོ་ཐོན་ཡོང་གི་རེད། དེ་དག་ཚན་རིག་གི་སྡེ་ཚན་རེད། ཚན་རིག་གི་སྡེ་ཚན་ཞེས་བརྗོད་དུས་ནང་པ་གཅིག་པུའི་དོན་མ་ཡིན་པར། ནང་པ་མིན་པའི་ཆོས་ལུགས་གཞན་པ་དང་། དེ་བཞིན་ཆོས་ཁས་མི་ལེན་མཁན་ཚོས་ཀྱང་ཚན་རིག་གི་སྡེ་ཚན་དེ་ཤེས་དགོས་པ་རེད། དེར་བརྟེན་སློབ་གྲྭའི་སློབ་ཚན་ནང་དམིགས་བསལ་ཆོས་ལུགས་དང་མ་འབྲེལ་བའི་སློབ་སྦྱོང་སྤྲོད་རྒྱུ (secular education field) ཞེས་པ་སློབ་གྲྭ་མང་པོ་ཞིག་གིས་སློབ་གྲྭའི་སློབ་སྦྱོང་དེ་ཆོས་དང་མ་འབྲེལ་བའི་(secular)ཐོག་ལ་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་ཚན་རིག་གི་སྡེ་ཚན་ཟུར་དུ་དབྱེ་ནས་ཡོད་པ་དེ་དག་ཆོས་ཀྱི་སྡེ་ཚན་མིན་པར་ཤེས་ཡོན་གྱི་སྡེ་ཚན་ཁུངས་སུ་ཚུད་ཀྱི་ཡོད། ནང་པའི་ཆོས་ཀྱི་ཐོག་ནས་འཛམ་བུ་གླིང་གི་མི་དུང་ཕྱུར་བདུན་ཅུ་ལ་ཞབས་འདེགས་བསྒྲུབ་རྒྱུ་ཁག་པོ་ཡིན། ནང་པ་མ་ཡིན་པའི་ཆོས་ལུགས་གཞན་པ་ཡང་ཡོད་པ་རེད། དེ་ཙམ་དུ་མ་ཟད་པའི་ཆོས་ཁས་མི་ལེན་མཁན་མི་དུང་ཕྱུར་བཅུ་ལྷག་ཙམ་ཡོད་པ་རེད། དེ་དག་ལ་ཆོས་ཀྱི་ཐོག་ནས་སྐད་ཆ་བཤད་པ་ཡིན་ན་ཁོང་ཚོས་དོ་སྣང་བྱེད་ཀྱི་མ་རེད། སེམས་ཁམས་རིག་པའི་ཐོག་ནས་བཤད་ན་དེ་དག་གིས་དོ་སྣང་བྱེད་ཀྱི་རེད། དེ་ནི་ཤེས་ཡོན་སྡེ་ཚན་གྱི་ཁོངས་སུ་ཚུད་ཀྱི་ཡོད། ད་ལྟ་བར་དུ་འབད་བརྩོན་དེ་ལྟར་བྱས་པ་ཡིན། འདི་ཧ་ཅང་གལ་ཆེན་པོ་འདུག །ཚང་མས་མཁྱེན་གྱི་ཡོད་ཀྱང། དེ་རིང་ཚང་མ་འཛོམས་ཐོག་འདིར་ཞུ་འདོད་བྱུང་སོང་།

དེ་ནས་བྱེ་བྲག་སྐབས་སུ་བབས་པ་རྗེ་རིན་པོ་ཆེའི་གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་འགྲེལ་པ་སྒྲོན་གསལ་གྱི་གཞུང་འགྲེལ་བརྗོད་ཀྱང་ཆོག་པ། ས་བཅད་བསྡུས་དོན། དངོས་གཞིའི་མཆན་འགྲེལ། མཐའ་གཅོད་མྱུ་གུ དེ་དག་གི་དཀའ་གནད་རྣམས་གསུང་ནས་བཤད་སྒོམ་གྱི་བཟོ་ལྟ་བུ་ཞིག་རེད། མཐའ་གཅོད་དང་ས་བཅད་བསྡུས་དོན་དེ་དག་རྗེ་རིན་པོ་ཆེ་རང་གིས་ཕྱོགས་བསྒྲིགས་གནང་ནས་ཧ་ཅང་འཆད་ཉན་བྱེད་བདེ་བོ་ཞིག་ལྗགས་རྩོམ་མཛད་གནང་འདུག །དངོས་གནས་དྲང་གནས་རྨད་དུ་བྱུང་བའི་ལེགས་བཤད་འདི་འདྲ་ཞིག་རྗེ་རིན་པོ་ཆེས་མཛད་ནས་ད་བར་དུ་ལོ་དྲུག་བརྒྱ་ཕྱིན་པའི་རྗེས་དྲན་གནང་གི་ཡོད་པ་རེད། འདི་གར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནས་འཁུར་བཞེས་ཏེ་དེ་རིང་རྗེས་དྲན་གྱི་ཚོགས་འདུ་ཞིག་ཚོགས། རྗེས་དྲན་དེ་ཡང་གསུང་བཤད་གཅིག་པུ་གནང་བ་ལྟ་བུ་མ་ཡིན་པར། གཞུང་ཆེན་འདིའི་སྐོར་ལ་བགྲོ་གླེང་གི་རྣམ་པའི་ཐོག་ནས་རྗེས་དྲན་གནང་གི་ཡོད་པ། ཧ་ལས་པའི་ཡག་པོ་བྱུང་འདུག །ཕལ་ཆེར་འགྲེལ་པ་བཞི་སྦྲགས་འདི་རྒྱུད་སྟོད་སྨད་གཉིས་ཀྱིས་ཁྲལ་ལྟ་བུར་བྱས་ནས། འཆར་ཅན་བཏོན་ཏེ་དེས་དུས་ད་ལྟ་བར་དུ་གནས་པ་ལ། གཞན་ཕལ་ཆེར་རྒྱུན་ཆད་ཚར་བ་རེད། སྤྱིར་བཏང་ནས་གསུང་ཆོས་གནང་མཁན་བླ་མ་སྐྱེས་ཆེན་ཚོའི་ནང་འགྲེལ་པ་བཞི་སྦྲགས་གནང་མཁན་དཀོན་པོ་འདུག །མ་གཞི་རྒྱུད་པ་ལ་ཡོད་པས་མ་གནང་བ་ཡིན་སྲིད། གང་ལྟར་དུས་ད་ལྟ་བར་དུ་ལོ་དྲུག་བརྒྱ་རིང་སྤྱིར་གསང་འདུས་རྩ་རྒྱུད་དང་། འགྲེལ་པ་དེ་དག་གི་འཆད་ཉན་རྗེ་རིན་པོ་ཆེས་མཛད་པའི་གླེགས་བམ་འདིའི་ཐོག་ནས་རྐང་འཛིན་མཁན་དེ་རྒྱུད་སྟོད་སྨད་གཉིས་དང་། དེ་ནས་སྲད་རྒྱུད་གྲྭ་ཚང་བཅས། དེ་རིང་འདིར་ཧ་ལས་པའི་འབྲེལ་ཆགས་པོ་བྱུང་འདུག །རྗེ་བཙུན་ཤེས་རབ་སེང་གེ་ནས་མར་བརྒྱུད་པའི་སློབ་མ་ལྷུན་པོ་རྩེ་ནས་རྒྱུད་པ་སྲད་རྒྱུད་གྲྭ་ཚང་། དབུས་ཀྱི་གཞུང་པ་ཟེར་དུས་རྒྱུད་སྟོད་སྨད་གཉིས། འཇམ་མགོན་བླ་མའི་ནམ་རྒྱུན་ང་ཚོའི་བཤད་སྲོལ་ལྟ་བུ་ལ་མན་ངག་བྱིན་རླབས་བརྒྱུད་ཟེར་གྱི་ཡོད་རེད། རྒྱ་ཆེན་སྤྱོད་རྒྱུད། ཟབ་མོ་ལྟ་རྒྱུད། ཉམས་ལེན་བྱིན་རླབས་རྒྱུད་ཟེར་གྱི་ཡོད་རེད། ཚིག་དེ་ཁྱད་མཚར་ཞིག་འདུག །རྒྱ་ཆེན་སྤྱོད་རྒྱུད་དང་ཟབ་མོ་ལྟ་རྒྱུད་གཉིས་ལ་ཉམས་ལེན་གྱིས་འདང་གི་མེད་པའི་བཟོ་ལྟ་བུ་ཞིག་འདུག །དེ་རྦད་དེ་ནོར་འཁྲུལ་རེད། ང་ཚོ་གཉིད་སད་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་བ་དེ་རྒྱ་ཆེན་སྤྱོད་རྒྱུད་ལ་བསམ་བློ་གཏོང་རྒྱུ་རེད་མ་གཏོགས། ཉམས་ལེན་བྱིན་རླབས་རྒྱུད་ལ་བྱ་རྒྱུ་གང་ཡང་མི་འདུག །ཉམས་ལེན་བྱིན་རླབས་རྒྱུད་ལ་རང་ཉིད་སྐད་ཅིག་གི་ཞེ་སྡང་རྡོ་རྗེ་ཟེར་བ་དང་། རང་ཉིད་སྐད་ཅིག་གི་དཔལ་རྡོ་རྗེ་འཇིགས་བྱེད་ཟེར་བ་ལྟ་བུ་དེ་ཚོ་ཉམས་ལེན་བྱིན་རླབས་རྒྱུད་ཀྱི་སྒང་ལ་འགྲོ་བཞིན་པ་ཡིན། ཉམས་ལེན་བྱིན་རླབས་རྒྱུད་ཀྱི་ཉམས་ལེན་ཡོང་བ་ནི། ཐུད་ཚོ་བ་མར་གྱི་དྲིན་གསུངས་པ་བཞིན་དངོས་གནས་ཀྱི་ཉམས་ལེན་ཡོང་བ་ལ་རྒྱ་ཆེན་སྤྱོད་རྒྱུད་དང་ཟབ་མོ་ལྟ་རྒྱུད་གཉིས་ཀྱི་ཐོག་ནས་གསུངས་པ་དེ་དག་གི་སྟེང་འགྲོ་དགོས་པ་ལས། རྒྱ་ཆེན་སྤྱོད་རྒྱུ་དང་ཟབ་མོ་ལྟ་རྒྱུད་གཉིས་ཟུར་དུ་བཞག་སྟེ་ཉམས་ལེན་བྱིན་རླབས་ཀྱི་རྒྱུད་ལ་སྙིང་པོ་ཞིག་ཡོད་རེད་བསམས་ན་དེ་ནོར་འཁྲུལ་རེད། ཤེས་སོང་ངམ། ཉམས་ལེན་བྱིན་རླབས་རྒྱུད་ལྟ་བུའི་རིགས་ལ་རྗེས་རིན་པོ་ཆེ་ནས་རྗེ་བཙུན་ཤེས་རབ་སེང་གེ་བར་སྲད་རྒྱུད་ཀྱི་རྒྱུད་པ་གཅིག་དང་། མཁས་གྲུབ་རིན་པོ་ཆེ་སྐུ་མཆེད་གཉིས་ནས་རྒྱུད་པའི་དབེན་ས་སྙན་བརྒྱུད། དེ་ནས་དབུས་ཀྱི་གཞུང་པ་ཟེར་བ་ཞིག་གསུངས་ཡོད། སྲད་རྒྱུད་དེ་ཕལ་ཆེར་གཙང་གི་ལྷུན་པོ་རྩེ་ནས་བརྒྱུད་པ་དེ་གཙོ་བོ་ཡིན་འདུག །དེར་བརྟེན་སྲད་རྒྱུད་དང་། དབེན་ས་སྙན་བརྒྱུད། དབུས་ཀྱི་གཞུང་པའི་རྒྱུད་པ་གསུམ་གསུང་གི་འདུག །ཨ་ཁུ་ཤེས་རབ་རྒྱ་མཚོའི་གསང་བདེ་འཇིགས་གསུམ་གྱི་ཁྲིད་དེ་ཚོའི་ནང་ལ་ཡོང་གི་འདུག །སྔར་དབུས་ཀྱི་གཞུང་པས་འཇིགས་བྱེད་ཀྱི་སྔོན་འགྲོའི་གཏོར་མ་བྱིན་རླབས་གནང་སྐབས་ཡ་མ་རཱ་ཛ་ཞེས་གསུང་དུས། རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ཞེས་པ་ཞིག་དང་། རྩ་སྔགས་རྒྱལ་པོ་བཅོམ་ལྡན་མཆོད་ཟེར་བ་ཞིག །དེའི་ཐོག་ནས་གསུང་ཚུལ་མི་འདྲ་བ་གཉིས་ཡོང་གི་འདུག །སྲད་རྒྱུད་དང་དབེན་ས་སྙན་བརྒྱུད་གཉིས་མི་འདྲ་བ་ཡིན་པ་རེད། གཙང་གི་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་སྐབས་སུ་མིན་ནམ། ཡོངས་འཛིན་འབྲོང་རྩེ་བ་ཞུ་བ་དེས་སྔ་མོ་ཡིན་ན་ང་ཚོ་བཀྲ་ཤིས་ལྷུན་པོས་དབེན་སའི་རྒྱུད་པ་གཙོ་བོ་བྱས་ནས་སྲད་རྒྱུད་ལུགས་ཀྱི་རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ཞེས་པ་ཞིག་དང། རྩ་སྔགས་རྒྱལ་པོ་བཅོམ་ལྡན་མཆོད་ཞེས་པ་དེ་གཉིས་གང་རུང་གཅིག་རེད། མི་འདྲ་བ་ཞིག་ཡོད་རེད། དབེན་ས་སྙན་བརྒྱུད་འཛིན་མཁན་ཚོས་སྲད་རྒྱུད་ལུགས་ཀྱི་བཞེད་པར་དགག་པ་ཆེན་པོ་རྒྱག་གི་རེད་ཟེར་གྱི་འདུག །ཡིན་ན་ཡང་དུས་ཕྱིས་སུ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་དབུས་ནས་སྲད་རྒྱུད་ཀྱི་གཞུང་མང་པོ་གསན་པས། དེང་སང་པཎ་ཆེན་གྱི་གསུང་ཡིན་ནའང་སྲད་རྒྱུད་ཀྱི་བཞེད་པ་དེ་ཡོང་གི་འདུག་ཅེས་དེ་འདྲ་གསུངས་པའི་ལོ་རྒྱུས་འདུག །དེར་བརྟེན་དབེན་སའི་བརྒྱུད་པ་དང་སྲད་རྒྱུད་གཉིས་ཀྱི་བར་ལ་བཞེད་པ་དང་གསུང་རྒྱུན། དེ་བཞིན་མན་ངག་ཕྲན་བུ་མི་འདྲ་བ་ཡོད་པ་དེ་ཚོ་གསུངས་ཡོད་རེད། རྒྱུད་པ་དེ་ལྟར་རེད། དབུས་ཀྱི་གཞུང་པ་རྒྱུད་སྟོད་སྨད་གཉིས། དེ་ནས་གཙང་གི་སྲད་རྒྱུད། དེ་དག་དུས་ད་ལྟ་བར་དུ་དུས་ཚོད་ཉག་ཕྲ་བའི་སྐབས་སུ་ཡང་ཚང་མས་ཧུར་ཐག་འབད་ཐག་བྱས་ནས་ཞེ་དྲག་ཡག་པོ་རེད། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

  དེ་ནས་དཔལ་ལྡན་སྟོད་རྒྱུད་པའི་བྱང་འདྲེན་གྱི་གདོང་རྒྱག་ཏུ་ཕྱིན་ཏེ་སྐད་སྐྱོ་རུ་ཕྱིན་འདུག །(མཚམས་འདིར་བཞད་མོ་བཞད།) ང་གཉིས་སྔོན་མ་ནས་ངོ་ཤེས་པ་རེད། ཌ་ལ་ཧའོ་སེའི་སློབ་གྲྭ་ཡིན་པའི་སྐབས་ནས་༸སྐྱབས་རྗེ་གླིང་རིན་པོ་ཆེས་ཁྱོད་རང་རྒྱུད་པར་འཛུལ་ན་ཡག་པོ་རེད་ཅེས་གསུངས་འདུག །ངས་ནང་ཚགས་ཀྱིས་བཤད་ཀྱི་ཡོད་རེད། ད་ལྟ་བར་དུ་དཀའ་ལས་བརྒྱབ་པ་ཡག་པོ་རེད། ཐུགས་རྗེ་ཆེ་བརྗོད་ཀྱི་ཡིན། ད་དུང་ཡང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཟེར་བ་དེ་ཆོས་དད་མེད་མཁན་ཞིག་ཡིན་ནའང་ཡིད་འཕྲོག་པ་ཞིག་དགོས་པ་རེད། ཡིད་འཕྲོག་ཟེར་བ་དེ་ཚིག་མར་བཤད་རྒྱུ་ཡོད་པ་ཙམ་དུ་མ་ཟད་པས། རྒྱུད་དུལ་བ་ཞིག་གི་ཐོག་ནས་དངོས་གནས་སངས་རྒྱས་པའི་ཆོས་ཟེར་བ་དེ་མི་ལ་བཟོ་བཅོས་ཀྱི་འགྱུར་བ་ཐེབས་ཐུབ་པ་ཞིག་འདུག་བསམ་པ་ཞིག་དགོས་པ་རེད། དེ་ནས་ངས་ནམ་རྒྱུན་རྟག་པར་བཤད་བསྡད་ཀྱི་ཡོད། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱཧཱ། ཟེར་བ་དེ་བླ་མའི་ངོས་ནས་མར་བཤད་བཞག་པ་མ་ཡིན་པར་ང་རང་ཚོའི་ཤེས་རྒྱུད་ཀྱི་ཐོག་ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བར་དུ་འགྲོ་ཐུབ་པ་ཞིག་དཀའ་ལས་བརྒྱབ་ན་བློ་ལ་འགྱུར་བ་འགྲོ་རྒྱུ་འདུག །བློ་ལ་འགྱུར་བ་གང་འཚམ་ཞིག་ཐེབས་ཡོང་སྐབས། སེམས་ཀྱི་ནང་ལ་འགོག་བདེན་ཟེར་བ་ཞིག་ཡོད་པ་རེད་འདུག་སྙམ་པ་ཞིག་བློ་ལ་ཤར་ཐུབ་པ་བྱུང་ན། ཐར་པ་ཚད་མས་ངེས་ཐུབ་པ་ཞིག་དང་ཐར་པ་ཚད་མས་སྒྲུབ་ཐུབ་པ་ཞིག་བྱུང་ན་ཐར་པར་དོན་གཉེར་སླེབས་ཀྱི་རེད། དེ་བྱུང་ན་བཅོམ་ལྡན་འདས་ཀྱིས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ།། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ།། འདི་ནི་འགོག་པ་འཕགས་པའི་བདེན་པའོ།། འདི་ནི་ལམ་འཕགས་པའི་བདེན་པའོ།། གསུངས་པ་དེ་གསལ་པོ་ཆགས་ཡོང་གི་འདུག །དེ་དག་ཚིག་ཙམ་གྱི་སྒོ་ནས་སྐྱོར་ཏེ་ཚོར་བ་གང་ཡང་མེད་ན་རིན་ཐང་གང་ཡང་མེད། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱོས་གསུངས་པ་ལྟར། སྒྲུབ་པ་ཉམས་ལེན་བྱེད་དགོས་པ་རེད། རྗེ་རིན་པོ་ཆེས་ཀྱང་། དང་པོར་རྒྱ་ཆེར་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།། ཚུལ་འདི་བསམས་ཤིང་མདུན་མ་ལེགས་གནས་གདའ།། བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར།། ཞེས་རང་གི་རྣམ་པར་ཐར་པའི་རྟོགས་བརྗོད་མདུན་ལེགས་མའི་ནང་དུ་གསུངས་པ་ལྟར་རེད། ང་རང་ཚོས་རྣམ་ཐར་དེར་བསླབ་དགོས་པ་རེད། དཔེ་ཆ་བལྟས། སློབ་གཉེར་བྱས། སློབ་གཉེར་གནང་བའི་དགོས་དོན་དེ་སེམས་ལ་ཚོར་བ་ཡོད་པ་ཞིག་དང་། ཐོག་མར་བསྡུས་གྲྭའི་གནས་སྐབས་ནས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས། བྱས་ན་མི་རྟག་པའི་ཁྱབ་ཟེར་བ་དེ་ལ་སེམས་ནང་ལ་ཚོར་བ་ཡོད་པ་ཞིག་གི་ཐོག་ནས་དགེ་རྒན་གྱིས་ཁྲིད། དགེ་ཕྲུག་ཚོས་བསམ་བློ་བཏང་ནས་འགྲོ་ཐུབ་པ་ཞིག་བྱུང་ན་ཡག་པོ་རེད། གཞན་ཚིག་གི་བརྗོད་ཚུལ་ཙམ་ཡིན་བསམ་པ་ཞིག་གིས་ཕྲུ་གུ་ཆུང་ཆུང་གིས་ཚིག་རྩོད་བརྒྱབ་པ་ལྟར་བསམ་ན་ནོར་འཁྲུལ་རེད། དེ་ལྟར་ང་ཚོས་ཉམས་ལེན་བྱེད་རྒྱུ་དེ་གལ་ཆེན་པོ་རེད། རྗེ་རིན་པོ་ཆེའི་བླ་མའི་རྣལ་འབྱོར་ནང་ལ། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན།། ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱེད།། མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ།། བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་།། ཞེས་ང་ཚོས་རྗེས་སུ་ཡི་རང་འདི་ལྟར་བྱེད་ཀྱི་ཡོད་པ་རེད། རྗེས་སུ་ཡི་རང་བྱེད་ཀྱི་ཡོད་ན་སོ་སོས་དེའི་རྗེས་སུ་སློབ་དགོས་པ་རེད། ཁ་ནས་རྗེས་སུ་ཡི་རང་བྱེད་ཀྱི་ཡོད་བརྗོད་ནས་དོན་དག་ངོ་མའི་ཐོག་སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན་པ་ཞིག་མ་བྱུང་ན། སེམས་ཀྱི་གཏིང་ནས་རྗེས་སུ་ཡི་རང་མིན་པ་རེད། སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་ཀྱིས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མས་ཕྱོགས་ཆར་མ་ལྷུང་བར་ཐོས་བསམ་བྱས་པའི་དགོས་དོན་སེམས་ལ་ངེས་པ་དེ་དག་ལག་ལེན་ལ་བཀལ། ལག་ལེན་ལ་བཀལ་ཟེར་བ་དེ་འདུལ་བའི་ལག་ལེན་བཀལ་ཟེར་བ་དེ་ཙམ་མ་ཡིན་ལ། གཙོ་བོ་སེམས་ལ་བཟོ་བཅོས་རྒྱག་རྒྱུ་ཐོག་བཞག་དགོས་པ་རེད། དེ་དག་ཚང་མའི་དགོངས་པར་འཇགས་རོགས་ཞུ་རྒྱུ་ཡིན། དེ་ལྟར་བྱུང་ན་རྗེ་རིན་པོ་ཆེ་དགྱེས་པའི་མཆོད་པ་འདི་ཡིན་ལ། སྒྲུབ་པའི་མཆོད་པ་ཡང་འདི་ཡིན། ཀླུ་སྒྲུབ་ཡབ་སྲས་དགྱེས་པའི་མཆོད་པ་དང་སྒྲུབ་པའི་མཆོད་པའང་འདི་ཡིན། མཐར་གཏུགས་ན་སྐུ་བཞི་བདག་ཉིད་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཉིད་ལ་སྒྲུབ་པའི་མཆོད་པ་ཡག་ཤོས་འདི་ཡིན། དེ་ནས་ཞབས་བརྟན་དང་མཆོད་འབུལ་རྒྱ་ཆེན་པོ་བྱུང་ན་རབ་དང་མ་བྱུང་ན་ཡང་། སོ་སོའི་ཉམས་ལེན་ཡག་པོ་ཞིག་བྱུང་ན་སྒྲུབ་པའི་མཆོད་པ་དེ་ལས་ལྷག་པ་མེད། སོ་སོའི་རྒྱུད་ལ་ཞག་སྐྱེས་མ་ཐོན་ཡང་ལོ་སྐྱེས་ཐོན་པ་ཞིག་ཏན་ཏན་ཡོང་གི་རེད། དེ་ཚང་མའི་དགོངས་པར་བཅངས་རོགས། ཐུགས་རྗེ་ཆེ།