པར་བཤུ།
སྡེ་ཚན། ལེགས་གསོལ།
ཀློག་གྲངས། 782

མཚུངས་མེད་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཁྱབ་ཁོངས། ཏཱ་ལའི་བླ་མའི་དགེ་རྩས་ཉེ་བའི་ཆར་པར་སྐྲུན་ཞུས་པའི་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་དང་དཔུང་གཉེན་གཅིག་པུ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག །༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་འཛམ་གླིང་ཡུལ་གྲུ་སོ་སོར་སྐལ་ལྡན་གྱི་གདུལ་བྱ་གྲངས་ལས་འདས་པ་ལ་རང་རང་གི་མོས་བློ་དང་འཚམ་པའི་མདོ་སྔགས་གཞུང་ཆེན་གྱི་ཟབ་ཆོས་དང་། ལུགས་གཉིས་ཀྱི་བླང་དོར་ལམ་སྟོན་ཟབ་གསལ་གསུང་གི་བདུད་རྩི་སྔར་འཇིག་རྟེན་འདིར་སུས་ཀྱང་མ་གནང་མ་མྱང་བ་ཇི་སྙེད་ཅིག་བཀའ་བསྩལ་དང་སྕལ་བཞིན་པའི་ཁོངས་ནས། ད་ལམ་འདི་གའི་གསང་ཆེན་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་ཁང་དུའང་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་ནས་མདོ་སྔགས་གཞུང་ཆེན་ཁག་གི་བཀའ་ཁྲིད་འགའ་དང་། དམིགས་བསལ་སྐད་ཡིག་གཞན་དུ་བཞུགས་པའི་༸མགོན་པོ་གང་ཉིད་ཀྱི་གསུང་རྩོམ་མི་ཉུང་བ་ཞིག་བོད་འགྱུར་མ་དཔེ་ཚོགས་ཀྱི་ཁོངས་སུ་པར་སྐྲུན་ཞུས་པ་བཅས་རིན་ཐང་གཞལ་དུ་མེད་པའི་ཁྱོན་གསུང་འབུམ་པོད་༡༩ ཐམ་པ་རིན་མེད་ཐོག་གནང་སོན་བྱུང་བ་ལགས་ན་འབྲེལ་ཡོད་ཡོངས་ལ་བཀའ་དྲིན་སྙིང་དབུས་ནས་ཆེ་ཞུ་བཞིན་ཡོད།