པར་བཤུ།
སྡེ་ཚན། ཆེད་བརྗོད།
ཀློག་གྲངས། 596

ཆེད་བརྗོད།

༄༅།། བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག ཕྱི་ལོ་ ༢༠༡༩ འདི་བཞིན་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་འབྱེད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་བསྡུས་ཚུལ་བསྟན་པ་དང། རྗེ་རིན་པོ་ཆེས་རྒྱུད་ཆེན་ཤེས་རབ་སེངྒེ་ལ་རྒྱུད་ཀྱི་གླེགས་བམ་གནང་སྟེ་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་མཛད་པ། རྒྱུད་ཆེན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་མཚན་དཔེའི་དཀྱིལ་འཁོར་བཞད་པ་བཅས་བྱུང་ནས་མི་ལོ་ ༦༠༠ ཐམ་པ་འཁོར་བའི་སྐབས་དང་བསྟུན་ཏེ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་སྔགས་རིམ་ཆེན་མོ་དབུས་དཔར་དང་།

གཙང་དཔར། སྡེ་དགེ་དཔར་མ། སྐུ་འབུམ་དཔར་མ་བཅས་དཔར་མ་ཁག་བཞི་ལ་དཔེ་བསྡུར་ཞུས་པའི་སྔགས་རིམ་ཆེན་མོ་དཔེ་བསྡུར་མ་དང་།  རྗེ་བཙུན་ཤེས་རབ་སེངྒེའི་གསུང་རྒྱུད་ཊཱིཀ་ཆེན་མོ་སོག་དཔར་དང་། ཞོལ་དཔར་གཉིས་ལ་དཔེ་བསྡུར་ཞུས་ཏེ་རྩ་འགྲེལ་སྦྱར་བ། རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱི་གསུང་རྒྱུད་ཊཱིཀ་རིམ་གཉིས་གཏེར་མཛོད་རྩ་འགྲེལ་སྦྱར་ཏེ་རྩ་རྒྱུད་འགྱུར་མི་འདྲ་བ་དུ་མ་དང། དཔལ་ལྡན་ཟླ་བ་གྲགས་པ་དང་། བུ་སྟོན་རིན་པོ་ཆེ། རྗེ་ཙོང་ཁ་པ་ཆེན་པོ་བཅས་ཀྱི་འགྲེལ་པ་ཚད་ལྡན་ཁག་དུ་མར་ཚིག་དོན་གཉིས་ཀར་ཞིབ་བསྡུར་བྱས་པ་བཅས་ལ། བསྡུར་མཆན་དང་། ལུང་མཆན་བཀོད་དེ་ཉམས་ཞིབ་ཚད་ལྡན་གྱི་ཆ་ལག་ཚང་བ་ཞིག་པར་བསྐྲུན་གནང་རྒྱུ་ཡིན་འདུག་པར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་རི་བོ་དགེ་ལྡན་པའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཆོས་རིག་བཀའ་བློན་མིང་འཛིན་པས་ཕྱི་ལོ་ ༢༠༡༩ ཟླ་༩ ཚེས་༢༦ ལ།།

PDF